འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་24ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་11ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་དང་མཇལ་འཛོམས་གནང་བཞིན་པ།
ཟླ་11ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་དང་མཇལ་འཛོམས་གནང་བཞིན་པ། 
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ཡོད། འདི་ལོ་ང་དང་ཙུང་ཐུང་ཕུའུ་ཅིང་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་གཏིང་ཟབ་ཐེངས་གཉིས་བྱས་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བར་ཐུན་མོང་གི་ངོས་འཛིན་གསར་པ་མང་པོ་བྱུང་ཡོད། ཕྱི་ལོ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཡུན་རིང་ཁྱིམ་མཚེས་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས། གཉིས་ཁེ་མཉམ་ལས་གཉིས་ཕན་བཅས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་། འཛམ་གླིང་དར་རྒྱས་དང་བརྟན་ལྷིང་ལ་བརྟན་པོའི་རང་བཞིན་དེ་བས་མང་པོ་མཁོ་འདོན་བྱེད་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་བྱེད་པའི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ལྡན་ཡོད། ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མ་ཡིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་མཉམ་དུ་ཁྲིམས་འཛུགས་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིའི་ཆེད་དོན་ཨུ་ལྷན་ཁག་དང་གྲོས་མིའི་མཛའ་གྲོགས་ཚོགས་ཆུང་གི་ནུས་པ་གང་ལེགས་བཏོན་ཏེ། ཕྱོགས་གཉིས་པོའི་མཉམ་ལས་ལ་དེ་བས་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཀྱི་འདེགས་སྐྱོར་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འབྲེལ་མཐུད་འགན་ལེན་ཡག་པོ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་ཕྱོགས་མང་ལས་སྟེགས་སུ་འབྲེལ་གཏུག་རོགས་ལས་གཏིང་ཟབ་བཅས་བྱེད་རྒྱུའི་རེ་བ་ཡོད།
     ཝོ་ལུའོ་ཅིན་གྱིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད། ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མ་ཡི་ཏང་ཤོག་ཁག་གིས་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཚད་མཐོའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བརྟན་པོ་བསྟར་ནས་ཀྲུང་གོ་ཕྱོགས་ལ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞི་དང་ཏང་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱེད་པ། མི་དམངས་ཀྱི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཨུ་སུ་རུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་བཅའ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།
     (བསོད་ནམས་དཔའ་མོས་བསྒྱུར། པ་ཚེས་ཞུས)