འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་24ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་11ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལཱ་ཁ་ལེར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
ཟླ་11ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལཱ་ཁ་ལེར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཝུའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། 2023ལོ་ནི་ཀྲུང་ཝུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བ་དང་ཝུ་ར་ཀུའེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོའི་ནང་ཞུགས་ནས་ལོ་5འཁོར་བའི་ལོ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་35ཡི་རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་གཉིས་ཕན་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ལྟ་སྐྱོང་དང་ཐུན་མོང་རིམས་འགོག་བྱས་པས་ཀྲུང་ཝུའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཡག་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དེ་འགོ་འཛུགས་ས་གསར་པ་དང་གནས་ཚད་གསར་པར་བརྩིས་ཏེ། ཕྱོགས་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཀྲུང་ཝུའི་འབྲེལ་བ་དེ་གཞི་རྒྱ་མི་འདྲ་བ་དང་། ལམ་ལུགས་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་དུ་གཏོད་པ་བཅས་བྱས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་འདོད་ཡོད་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་འདོད་ཀྱང་ཡོད།
     ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དོན་སྙིང་ངོ་སྤྲོད་གནང་ནས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ནས་རང་སོ་སོའི་རྒྱལ་ཁབ་དེང་རབས་ཅན་དང་འཛམ་གླིང་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཁྲིམས་འཛུགས་ཀྱི་སྒྲིག་གཞི་དང་། སྲིད་ཏང་། ས་གནས་བཅས་ཀྱི་མཛའ་གྲོགས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་དགོས་ཤིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་འགོད་པའི་སྐབས་དང་བསྟུན་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཞབས་འདེགས་ཚོང་དོན་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས། ཀྲུང་ཝུའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས། ཝུ་ར་ཀུའེ་ཡི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཁེ་ལས་ཀྱིས་ཝུ་ར་ཀུའེ་ལ་མ་རྩ་བཏང་ནས་ལས་དར་ལ་བསྐྱོད་པར་སྐུལ་འདེད་གཏོང་གི་ཡིན་ལ། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་མུ་མཐུད་གཏོད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་རིག་གནས་དང་ལུས་རྩལ་སོགས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྟབས་བདེའི་ཆ་རྐྱེན་དེ་བས་མང་པོ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་མི་གྲངས་དེ་བས་མང་པོ་མཁོ་འདོན་བྱེད་འདོད་ཡོད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོའི་ཐད་ཀྲུང་གོ་དང་ཝུ་ར་ཀུའེ་ཡི་ལྟ་སྟངས་ཧ་ལམ་འདྲ་པོ་ཡོད་ལ། ཁྱབ་རྒྱ་ཆེ་བའི་ཐུན་མོང་གི་ངོས་འཛིན་དང་ཐུན་མོང་གི་ཁེ་ཕན་ཡང་ལྡན་ཡོད་པས། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་དུ་མཐུན་སྦྱོར་གཞོགས་འདེགས་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། འཛམ་གླིང་འདི་ཉིད་ཞི་བདེ་དང་། དར་རྒྱས། གཞུང་དྲང་བཅས་སྔར་ལས་ལྷག་པ་ཡོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་ཆོག ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ལའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཝུ་ར་ཀུའེ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ལའི་སྤྱི་ཡོངས་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་པར་བསྔགས་བརྗོད་ཞུ་གི་ཡིན། ལྷོ་ཕྱོགས་ཐུན་མོང་ཁྲོམ་ར་སོགས་ས་ཁུལ་གྱི་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་སྐད་ཆ་ཤོད་རེས་དང་དཔལ་འབྱོར་ཚོང་དོན་ཐད་མཉམ་ལས་དམ་ཟབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཝུ་ར་ཀུའེ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཀྲུང་ལའི་དབར་དང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
     ལཱ་ཁ་ལེ་ཡིས་གསུངས་དོན། ཝུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་སྐབས་སུ་ནང་བློན་གཙོ་བོ་དང་དཔལ་འབྱོར་ཚོང་དོན་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཝུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་35སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན། གཉིས་ཁེ་བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་བྱས་ཡོད། ཝུ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ་ནི་ཝུ་ར་ཀུའེ་ཡི་ལས་རིགས་ཁག་དང་མི་དམངས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་ཟབ་མོ་ཞིག་ཡིན། ཝུ་ར་ཀུའེ་སྲིད་གཞུང་གིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་ཁས་ལེན་གྱི་ཡོད། ཞི་བའི་གཅིག་གྱུར་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ངེས་པར་དུ་ཀྲུང་གོ་མི་དམངས་རང་ཉིད་ཀྱིས་ཐག་གཅོད་དགོས། ཝུ་ཀྲུང་ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱས་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བཞིན་ཡོད།  ཝུ་ཀྲུང་འབྲེལ་བ་དེ་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ལས་བརྒལ་ནས་ཕྱོགས་མང་དང་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ཝུ་ར་ཀུའེ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་ཞུ་ཡི་ཡིན། ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་མོས་མཐུན་ཡོད། དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཝུ་ར་ཀུའེ་རུ་མ་འཇོག་ལས་དར་ཡོང་བར་དགའ་བསུ་ཞུ་རྒྱུ་དང་། ཝུ་ར་ཀུའེ་རུ་ཁུང་ཙི་སློབ་གླིང་དེ་བས་མང་པོ་འཛུགས་པར་རྒྱབ་སྐྱོར་དང་། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་གི་ཡིན། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རང་མོས་ཚོང་དོན་མཉམ་ལས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཆབས་ཅིག ལྷོ་ཕྱོགས་ཐུན་མོང་ཁྲོམ་རས་དམིགས་ཚད་དེའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད། ཝུ་ར་ཀུའེ་ཕྱོགས་ཀྱིས་ལ་ཀྲུང་འབྲེལ་བ་འཕེལ་རྒྱས་དང་ལ་ཀྲུང་གླེང་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།
     གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་དེ་བཞིན་ཚོང་དོན་མ་འཇོག་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ཞིང་ལས། འཕྲོད་བསྟེན། སློབ་གསོ། རིག་གནས། ཚན་རྩལ་གསར་གཏོད། འགག་སྒོ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པའི་དཔང་པོ་གནང་བ་རེད།
     གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལཱ་ཁ་ལེར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
     གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་དང་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཝུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ། ལཱ་ཁ་ལེ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ། དམག་དཔུང་ཁག་བགོས་ཀྱི་རུ་སྟར་ལའང་གཟིགས་པ་རེད།
     ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ལཱ་ཁ་ལེར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
     ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་པ་རེད།
     ལཱ་ཁ་ལེ་ཀྲུང་གོར་འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུ་ར་ཀུའེ་ཤར་ངོགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
     (སྤེན་ཚེ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)