འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདིར་འདྲི་ཞིབ་དང་པོའི་ཁྲིམས་ཐག་བཅད་འདུག  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་23ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཅང་སུའུ་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཟུར་པ་ཀྲང་ཅིང་ཧྭ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་2023ལོའི་ཟླ་11ཚེས་21ཉིན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། ཞུ་སྦྱོར་ཕྱི་མ་བ་ཀྲང་ཅིང་ཧྭ་ཡིས་ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུ་མ་ཟད། དངུལ་ཆད་ཀྱང་མི་དམངས་ཤོག་སྒོར་ཁྲི་བཞི་བརྒྱ་གཅོད་རྒྱུ་དང་ཀྲང་ཅིང་ཧྭ་ཡིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཐོབ་ཆ་དང་འཕེལ་སྐྱེད་ཁྲིམས་ལྟར་བདའ་འདེད་བཏང་ནས་རྒྱལ་མཛོད་ལ་འབུལ་རྒྱུ་རེད། 
     ཞིབ་གཅོད་བྱས་པ་བརྒྱུད་རྩད་ཆོད་མཐའ་གསལ་བྱུང་དོན་དུ། 2008ལོ་ནས་2021ལོའི་བར་ཞུ་སྦྱོར་ཕྱི་མ་བ་ཀྲང་ཅིན་ཧྭ་ཡིས་ཅང་སུའུ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་དང་། ཞུས་ཀྲོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགོ་འཛིན། ཀྲེན་ཅང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཅང་སུའུ་ཞིང་ཨུའི་རྒྱུན་ལས་ཨུ་ཡོན། ནན་ཅིང་གྲོང་ཨུའི་ཧྲུའུ་ཅི་དང་ནན་ཅིང་གྲོང་ཁྱེར་ཅང་པེ་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཅིག་ལྕོགས། ཅང་སུའུ་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་སོགས་ལས་གནས་ཐོག་གི་སྟབས་བདེ་དང་། དེ་བཞིན་འགན་དབང་དང་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་ཚན་པ་དང་སྒེར་པར་ལས་གྲྭ་སྒྲུབ་འགན་ལེན་པ་དང་། རྣམ་གྲངས་གསར་སྤེལ། གོ་གནས་སྤོར་བ་སོགས་ཀྱི་ཐད་རོགས་རམ་བྱས་པ་དང་། ཐད་ཀར་རམ་ཡང་ན་གཞན་པ་བརྒྱུད་དེ་ཁྲིམས་དང་འགལ་ཏེ་རྒྱུ་ནོར་བླངས་པ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་4984ལྷག་ཙམ་ཟིན། དེའི་ནང་སྒོར་ཁྲི་1676ལྷག་ཙམ་དངོས་སུ་ཐོབ་མེད།
     ཝུའུ་ཧན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་བ་ཀྲང་ཅིང་ཧྭ་ཡི་བྱེད་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་ཅིང་། ལྐོག་རྔན་བླངས་འབོར་ཧ་ཅང་ཆེ་བས་ཁྲིམས་ལྟར་ཆད་པ་གཅོད་དགོས་པའི་ངོས་འཛིན་བྱས་པ་རེད། ཀྲང་ཅིན་ཧྭ་ཁྲིམས་སར་འབྱོར་རྗེས་ལྟ་ཞིབ་ལས་ཁུངས་ཀྱིས་ཁོང་དུ་ཆུད་པའི་ལྐོག་རྔན་བླངས་པའི་ཉེས་གསོག་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་། ལྟ་ཞིབ་ལས་ཁུངས་ཀྱིས་ཁོང་དུ་མ་ཆུད་པའི་ལྐོག་རྔན་བླངས་པའི་ཉེས་གསོག་དོན་དངོས་རང་འགུལ་ངང་ངོས་ལེན་ཞུས་པར་གཞིགས་ནས། ལྐོག་རྔན་བླངས་པའི་ཉེས་གསོག་ཁག་གཅིག་བྱས་ཉེས་སུ་གྲུབ་མེད་པ་དང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། གྱོད་གཞི་དང་འབྲེལ་བ་ཡོད་པའི་བརྐུས་དངུལ་དང་བརྐུས་དངོས་ཚང་མ་བདའ་འདེད་བཏང་ཟིན་པས་ཁྲིམས་ལྟར་དེར་ཆད་པ་ཡང་མོ་བཅད་ཆོག་པས།  ཁྲིམས་ཁང་གིས་ཁྲིམས་ཐག་གོང་གསལ་བཞིན་བཅད།