འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕ་དབྱིའི་གནད་དོན་སྐོར་གྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་23ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་11ཚེས་21ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕ་དབྱིའི་གནད་དོན་སྐོར་གྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་ནས། 《དམག་མཚམས་འཇོག་པར་སྐུལ་འདེད་བཏང་ནས་ཡུན་རིང་ཞི་བདེ་དང་བདེ་འཇགས་མངོན་འགྱུར་ཡོང་བར་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བཞིན་པ།
ཟླ་11ཚེས་21ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕ་དབྱིའི་གནད་དོན་སྐོར་གྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་ནས། 《དམག་མཚམས་འཇོག་པར་སྐུལ་འདེད་བཏང་ནས་ཡུན་རིང་ཞི་བདེ་དང་བདེ་འཇགས་མངོན་འགྱུར་ཡོང་བར་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་21ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕ་དབྱིའི་གནད་དོན་སྐོར་གྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་ནས། 《དམག་མཚམས་འཇོག་པར་སྐུལ་འདེད་བཏང་ནས་ཡུན་རིང་ཞི་བདེ་དང་བདེ་འཇགས་མངོན་འགྱུར་ཡོང་བར་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ད་ཐེངས་ཀྱི་དབུ་ཚོགས་ནི་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་མང་དུ་བཏང་བའི་རྗེས་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐོག་མ་རེད། མིག་སྔའི་དུས་བབ་འོག་འབོ་གསེར་རྒྱལ་ཁབ་ཀྱིས་ཕ་དབྱིའི་གནད་དོན་སྐོར་ལ་དྲང་བདེན་གྱི་འབོད་སྒྲ་དང་ཞི་བདེའི་འབོད་སྒྲ་བསྒྲགས་པ་ནི་ཧ་ཅང་དུས་ཐོག་དང་ཧ་ཅང་དགོས་ངེས་ཤིག་རེད། ཅ་ཧྲ་ཁུལ་གྱི་གདོང་ཐུག་བྱུང་ནས་ཟླ་བ་གཅིག་ལྷག་ཙམ་སོང་རྗེས་མི་སེར་མང་པོ་ཤི་རྨས་དང་མི་ཆོས་རིང་ལུགས་ཀྱི་གེགས་བར་བྱུང་བ་མ་ཟད། རྒྱ་སྐྱེད་འགྲོ་བའི་རྣམ་པའང་ཐོན་པར་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། འཕྲལ་མར་སྒྲུབ་དགོས་པའི་ལས་འགན་ཏེ་གཅིག་ནས་འགལ་རྐྱེན་ཐོན་པའི་ཕྱོགས་སོ་སོས་འཕྲལ་མར་དམག་མཚམས་འཇོག་པ་དང་། མི་སེར་ལ་དམིགས་པའི་གཏུམ་སྤྱོད་སྤེལ་བ་དང་འཇབ་རྒོལ་གྱི་རིགས་ཡིན་ཕྱིན་ཚང་མ་མཚམས་འཇོག་པ། མི་སེར་བཀག་ཉར་བྱས་པ་རྣམས་གློད་པ་བཅས་བྱས་ནས་མི་སེར་རྣམས་ལ་སྡུག་བསྔལ་སྔར་ལས་ཚབས་ཆེན་མ་བྱུང་སྔོན་འགོག་བྱེད་དགོས་པ་དང་། གཉིས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱེད་ལམ་བདེ་བགྲོད་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཏེ། ཅ་ཧྲ་ཡི་དམངས་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་བས་མང་པོ་བྱེད་དགོས་ལ། བཙན་ཤེད་ཀྱིས་གནས་སྤོ་རུ་འཇུག་པ་དང་ཆུ་གློག་སྣུམ་གསུམ་འགོག་པ་སོགས་ཅ་ཧྲ་ཡི་དམངས་ཚོགས་ལ་དམིགས་པའི་ཐུན་མོང་ཆད་པ་གཅོད་མཚམས་ཀྱང་འཇོག་དགོས་པ། གསུམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་དངོས་སྤྱད་དེ་གདོང་ཐུག་རྒྱ་སྐྱེད་མི་འགྲོ་བ་དང་དབུས་ཤར་ས་ཁུལ་ཧྲིལ་པོའི་བརྟན་ལྷིང་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས་ཤིང་། ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕ་དབྱིའི་དུས་བབ་ད་བར་ཛ་དྲག་ཏུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཕ་ལེ་སི་ཐན་གྱི་མི་དམངས་ཀྱི་རྒྱལ་ཁབ་འཛུགས་དབང་དང་། འཚོ་དབང་། ལོག་དབང་བཅས་དུས་ཡུན་རིང་པོ་སྣང་མེད་དུ་བཏང་བས་རེད། ཕ་དབྱིའི་དབར་གདོང་ཐུག་ཡང་ཡང་བྱུང་བའི་གནད་དོན་ཐག་གཅོད་བྱེད་ལམ་གཙོ་བོ་ནི“རྒྱལ་ཁབ་གཉིས་པོའི་ཇུས་གཞི”དོན་འཁྱོལ་བྱས་ཏེ། ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་སླར་གསོ་བྱས་ནས་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་དྲང་བདེན་མ་བྱས་ན་དབུས་ཤར་ས་ཁུལ་ལ་ཡུན་རིང་གི་ཞི་བདེ་བརྟན་ལྷིང་ཡོང་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་དབང་གྲགས་དེ་བས་ཆེ་བའི་རྒྱལ་སྤྱིའི་ཞི་བདེའི་གྲོས་མོལ་ཚོགས་འདུ་གང་མགྱོགས་འཚོགས་ཏེ། རྒྱལ་སྤྱིའི་ཞི་བདེར་སྐུལ་འདེད་ཀྱི་ཐུན་མོང་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་སྔ་ཙམ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡིན།
     ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། རེས་སྐོར་འདིའི་ཕ་དབྱིའི་དབར་གདོང་ཐུག་བྱུང་ཚུན་དུ། ཀྲུང་གོ་ཕྱོགས་ཀྱིས་ཁ་ཏ་ལྕག་སྐུལ་གྱིས་དམག་མཚམས་འཇོག་པར་སྐུལ་འདེད་ཧུར་ཐག་བཏང་ནས། ཅ་ཧྲ་ཁུལ་ལ་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པ་མ་ཟད། ཅ་ཧྲ་ཡི་མི་དམངས་ཀྱི་དགོས་མཁོ་གཞིར་བཟུང་མུ་མཐུད་དངོས་ཟོག་མཁོ་སྤྲོད་བྱེད་ཀྱི་ཡིན། ཟླ་འདིའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་ངོས་ནས་ཀྲུང་གོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱེད་དགོས་པའི་སྐུལ་འདེད་བཏང་ནས། མི་ཆོས་རིང་ལུགས་གནས་སྐབས་མཚམས་འཇོག་དང་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་ཀྱི་དུས་བཀག་རིང་དུ་བཏང་སྟེ། མི་སེར་ལ་སྲུང་སྐྱོབ་བྱེད་དགོས་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབོ་གསེར་མཉམ་ལས་ལམ་སྲོལ་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་རེད། དེ་རིང་ང་ཚོས་ཕ་དབྱིའི་གནད་དོན་ལ་ལངས་ཕྱོགས་མཐུན་སྦྱོར་དང་བྱ་སྤྱོད་སྤེལ་ནས། ཁོངས་མི་མང་དུ་བཏང་རྗེས་ཀྱི“འབོ་གསེར་མཉམ་ལས་ཆེན་པོའི”འགོ་ཡག་པོ་ཞིག་ཚུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོངས་མི་གཞན་དག་དང་མཉམ་དུ་འབོ་གསེར་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་འདོད་ཡོད།
     ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་སཱ་ཡིས་དབུ་ཚོགས་གཙོ་སྐྱོང་གནང་བ་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། དབྱི་རན་གྱི་ཙུང་ཐུང་ལའེ་ཤིས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ཧན་མོ་ཏེ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། དེ་བཞིན་རྒྱ་གར་དང་ཨ་ཀེན་ཐིན་གྱི་ཕྱི་འབྲེལ་པུའུ་ཀྲང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
     ཚོགས་ཞུགས་འགོ་ཁྲིད་པས་ཕ་དབྱིའི་དུས་བབ་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་སྟེ། མི་སེར་ལ་དམིགས་པའི་གཏུམ་སྤྱོད་ཀྱི་བྱེད་སྤྱོད་མཐའ་དག་ལ་རྒོལ་གཏམ་བཏང་གནང་བ་དང་། ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལྟར་མི་སེར་ལ་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་གནང་བ། ཡུན་རིང་དང་རྒྱུན་མཐུད་ཀྱི་མི་ཆོས་རིང་ལུགས་ཀྱི་དམག་འཁྲུག་རྒྱག་མཚམས་འཇོག་ལམ་འཕྲལ་མར་ལག་ལེན་བསྟར་ཏེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་གནང་བ། གླེང་མོལ་བྱས་ནས་རྩོད་གཞི་ཐག་གཅོད་བྱས་པ་བརྒྱུད་ཞི་བའི་ངང་ཉམས་ཉེན་སེལ་བར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་ཡོད། འགོ་ཁྲིད་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་དྲང་བདེན་བྱེད་པར་རྒྱབ་སྐྱོར་བྱས་ནས“རྒྱལ་ཁབ་གཉིས་པོའི་ཇུས་གཞི”མངོན་འགྱུར་ལ་སྐུལ་འདེད་བཏང་སྟེ་བདག་དབང་ཆ་ཚང་ཡོད་པ་དང་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་པའི་འབོད་སྐུལ་ཡང་གནང་བ་རེད།
     ཚའེ་ཆི་དང་ཝང་དབྱི་སོགས་དབུ་ཚོགས་ལ་ཞུགས་པ་རེད།
     (སྤེན་ཚེ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས) 
ཟླ་11ཚེས་21ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕ་དབྱིའི་གནད་དོན་སྐོར་གྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་ནས། 《དམག་མཚམས་འཇོག་པར་སྐུལ་འདེད་བཏང་ནས་ཡུན་རིང་ཞི་བདེ་དང་བདེ་འཇགས་མངོན་འགྱུར་ཡོང་བར་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བཞིན་པ།
ཟླ་11ཚེས་21ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕ་དབྱིའི་གནད་དོན་སྐོར་གྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་ནས། 《དམག་མཚམས་འཇོག་པར་སྐུལ་འདེད་བཏང་ནས་ཡུན་རིང་ཞི་བདེ་དང་བདེ་འཇགས་མངོན་འགྱུར་ཡོང་བར་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བཞིན་པ།