འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་22ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། སྐུ་ཞབས་ཙུང་ཐུང་གིས་འདི་ལོའི་ཟླ་4པར་ཀྲུང་གོར་གྲུབ་འབྲས་ཐོབ་པའི་འཚམས་འདྲི་གནང་བ་ནས་བཟུང་། ཀྲུང་ཧྥའི་རིམ་པ་ཁག་གི་འགྲོ་འོང་མགྱོགས་མྱུར་སླར་གསོ་བྱུང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བར་གྲུབ་འབྲས་མི་ཉུང་བ་ཐོབ་ཡོད། 2024ལོར་ང་ཚོས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་བསུ་བ་ཞུ་གི་ཡིན། ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་བརྒྱུད་སྤྲོད་ཡག་པོ་བྱས་ནས། ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་ཐུབ་པར་བྱས་ཏེ། ཀྲུང་ཧྥའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྥའི་མཐོ་རིམ་གྱི་མི་ཆོས་རིག་གནས་སྤེལ་རེས་ལམ་སྲོལ་གྱི་ཚོགས་འདུ་གསར་པ་ཡག་པོ་ཞིག་འཚོགས་ནས་སློབ་གསོ་དང་། རིག་གནས། ཚན་ཞིབ་སོགས་ཀྱི་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་འགྲོ་འོང་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་དང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་ཧུར་ཐག་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཧྥ་རན་སེའི་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་པ་དང་ཧྥ་རན་སེའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་རྩ་འཇོག་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཧྥ་རན་སེར་མ་རྩ་འཇོག་པར་དྲང་གཞག་དང་མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། འདི་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་ཡིན་པ་དང་། དེང་སྐབས་ཟང་ཟིང་དུ་གྱུར་པའི་འཛམ་གླིང་གི་དུས་བབ་མདུན་དུ་ཀྲུང་གོ་དང་ཡོ་རོབ་ཀྱིས་གཉིས་ཕན་མཉམ་ལས་ཀྱི་རོགས་ཟླ་རྒྱུན་འཁྱོངས་བྱེད་དགོས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བར་ནུས་པ་ཧུར་ཐག་འདོན་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཧྥ་རན་སེའི་དབར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ཡག་པོ་ཡོད། ཏི་པའེ་རུ་འཚོག་གྲབས་ཡོད་པའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པས《ཕ་རི་སིའི་གྲོས་མཐུན》ལ་གྲངས་བཤེར་ཐོག་མ་བྱས་ནས། དཔྱད་དཔོག་ལག་བསྟར་གྱི་འཕེལ་རིམ་ལ་ཕྱོགས་སྡོམ་དང་འབྱུང་འགྱུར་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་འཕེལ་རིམ་ལ་ཁྲིད་སྟོན་བྱེད་རྒྱུ་རེད། 《ཕ་རི་སིའི་གྲོས་མཐུན》ལམ་ལུགས་ཀྱི་སྒྲོམ་གཞི་དང་ལྷག་པར་དུ་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་དང་རྒྱལ་ཁབ་ཀྱི་ལེགས་སྐྱེས་འབུལ་བའི་རང་བརྟེན་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཕྱི་ཕྱོགས་ལ་ཀྲུང་གོ་དང་ཧྥ་རན་སེས་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བརྡ་རྟགས་ནུས་ལྡན་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏི་པའེ་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
     མཱ་ཁེ་ལུང་གིས་གསུངས་དོན། འདི་ལོའི་ཟླ་བཞི་པར་ཀྲུང་གོར་གྲུབ་འབྲས་ཐོབ་པའི་འཚམས་འདྲི་བྱས་པ་དེ་བག་ཆགས་ཟབ་མོ་འདུག ཉེ་དུས་རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་དབར་འགྲོ་འོང་དང་གླེང་མོལ་རྒྱུན་འཁྱོངས་བྱུང་བར་བློ་ཡིད་ཚིམ་པོ་བྱུང་། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོས་འཐབ་ཇུས་འབྲེལ་གཏུག་དང་མཉམ་ལས་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། 
     ཧྥ་རན་སེ་ཕྱོགས་ཀྱིས་སང་ལོར་ཧྥ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་ཏུ་བཏང་ནས་དཔལ་འབྱོར་ཚོང་དོན་དང་། མཁའ་འགྲུལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཀྱི་འགྱུར་ལྡོག་གི་ཏི་པའེ་ཚོགས་ཆེན་ཐད་འབྲེལ་གཏུག་དམ་ཟབ་བྱས་ཏེ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་མུ་མཐུད་མཉམ་ལས་བྱེད་པའི་རེ་བ་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་ཀྱི་སྙིང་སྟོབས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད།
     རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཆེས་ཁ་ཚ་དགོས་གཏུག་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་སྔར་བས་ཇེ་སྡུག་ཏུ་མི་འགྲོ་བ་དང་ལྷག་པར་དུ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དེ་བས་ཚབས་ཆེན་མི་ཐོན་པར་བྱེད་དགོས། “རྒྱལ་ཁབ་གཉིས་པོའི་ཇུས་གཞི”ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཡང་སྐོར་བསྐྱར་སྐོར་ཐོན་པ་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད། ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་མུ་མཐུད་འབྲེལ་གཏུག་བྱས་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་བའི་མོས་མཐུན་གནང་བ་རེད། (ལྷག་པ་ཚེ་རིང་གིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)