འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་21ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་21ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས་གནས་འཕྲིན་སྤེལ་བར་གཞིགས་ན། ཨོ་སི་ཁྲུ་ལི་ཡའི་འགོག་སྲུང་པུའུ་ཀྲང་གཞུང་ལས་ཁང་གིས་ཉེ་ཆར་གསལ་བསྒྲགས་སྤེལ་ནས། ཀྲུང་གོའི་དམག་གྲུ“ལྗར་པན་གྱི་ཆེད་གཏོགས་དཔལ་འབྱོར་ཁུལ་གྱི་རྒྱལ་སྤྱིའི་མཚོ་ཁོངས”སུ་ཨོ་སི་ཁྲི་ལི་ཡའི་དམག་གྲུ་དང་ཐུག་དུས།“བདེ་འཇགས་དང་ཆེད་ལས་མིན་པའི་བྱེད་སྟངས”སྤྱད་ནས།  ཨོ་སི་ཁྲི་ལི་ཡའི་མཚོ་དམག་ཆུར་འཛུལ་པར་རྨས་སྐྱོན་ཕོག་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     ཝུའུ་ཆན་གྱིས་བསྟན་དོན། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱི་གཏམ་བརྗོད་དེ་དོན་དངོས་དང་གཏན་ནས་མི་མཐུན་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཨོ་སི་ཁྲི་ལི་ཡ་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱས་ཡོད། 
     ཉེ་ཆར། ཨོ་སི་ཁྲི་ལི་ཡའི“ཐུའུ་ཝུན་པ”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུས་ཀྲུང་གོའི་ཤར་རྒྱ་མཚོའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་བྱེད་སྒོ་སྤེལ་བ་དང་། ཀྲུང་གོའི་དམག་དཔུང་གི“ཉིང་པོ”རྟགས་ཅན་མཐར་སྐྲོད་གཏོང་བྱེད་དམག་གྲུས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྗེས་སྙེག་ལྟ་ཞིབ་དང་དབྱེ་འབྱེད་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་ཡོད། དེའི་རིང་ལ་ཀྲུང་གོ་ཕྱོགས་ཀྱི་དམག་གྲུས《མཚོ་ཐོག་བསམ་ཡུལ་ལས་འདས་པའི་ཐུག་འཕྲད་སྒྲིག་སྲོལ》དང་། 《རྒྱལ་སྤྱིའི་མཚོ་ཐོག་གདོང་གཏུག་གཡོལ་བའི་སྒྲིག་སྲོལ》སོགས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་བྱས་པ་དང་། ཨོ་སི་ཁྲི་ལི་ཡའི་དམག་གྲུ་དང་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱས་ཤིང་། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱི་ཆུར་འཛུལ་ལས་སྒྲུབ་ལ་ཤུགས་རྐྱེན་ཐེབས་སྲིད་པའི་བྱེད་སྒོ་གང་ཡང་སྤེལ་མེད། 
     ཀྲུང་གོ་དང་ལྗར་པན་གྱིས་འབྲེལ་ཡོད་མཚོ་ཁོངས་སུ་ས་མཚམས་དབྱེ་མེད་པས། ཀྲུང་གོ་ཕྱོགས་ཀྱི་དམག་དོན་བྱེད་སྒོ་དེ་ལྗར་པན་གྱི་ཆེད་གཏོགས་དཔལ་འབྱོར་ཁུལ་དུ་གནས་པའམ་ཡང་ན་དེར་འཛུལ་བའི་བཤད་ཚུལ་དེ་ལུགས་མཐུན་ཞིག་མ་རེད། ང་ཚོས་ཨོ་སི་ཁྲི་ལི་ཡ་ཕྱོགས་ལ་དོན་དངོས་ལ་བརྩི་འཇོག་དང་། ཀྲུང་གོར་ཧོལ་རྒྱུག་བྱེད་པ་དང་འགན་མི་འཁུར་བའི་སྐྱོན་བརྗོད་བྱེད་མཚམས་འཇོག་པ། ཕྱོགས་གཉིས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བར་ཕན་པའི་བྱ་བ་མང་ཙམ་སྒྲུབ་ནས། རྒྱལ་ཁབ་གཉིས་དང་། དམག་དཔུང་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལེགས་པོ་ཡོང་བར་དགེ་མཚན་ལྡན་པའི་ཁོར་ཡུག་བསྐྲུན་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན།