འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་21ཉིན།

༄༅།།མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས། བྱ་ཐབས་སྣ་མང་སྤྱད་དེ་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་21ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་14ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་དང་དཔྱིད་དུས་ཀྱི་ཡུལ་སྐོར་དུས་ཚིགས་སུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་གྱི་དགུན་དུས་དང་དཔྱིད་དུས་ཀྱི་ཡུལ་སྐོར་དུས་ཚིགས་འགོ་ཚུགས་པ་དང་བསྟུན་ནས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“དོ་དམ་གསུམ་དང་དགོས་ངེས་གསུམ”གྱི་བླང་བྱ་ལྟར་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་ཏན་ངང་བསྒྲུབས་པ་དང་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་དང་ལས་རིགས་ཀྱི་བདེ་འཇགས་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་གནད་འཁེལ་བཅས་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བས་བདེ་འཇགས་ངང་ཡུལ་སྐོར་བྱེད་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
     མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་། གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས། རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི། ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན། གླུ་གར་རོལ་རྩེད། སྤྲོ་འཆམ་རོལ་རྩེད། དྲ་ཞུགས་ཞབས་ཞུ་སོགས་མི་སྣ་འདུ་འཛོམས་བྱེད་མང་སར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུ་རེད། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་གྲང་རླུང་རླབས་རྒྱུན་དང་ཆར་ཆུ་འབབ་པ་དང་གངས་འཁྱགས་ཀྱི་གནམ་གཤིས་ལ་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། གངས་གསོག་དང་འཁྱགས་པ་ཐེབས་པའི་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་དང་དེ་བཞིན་འཕྲང་ལམ་དུ་འཁྱག་བཞུར་གངས་འཕྱག་ལས་དོན་་དུས་ཐོག་ཏུ་སྤེལ་བ། དགོས་ངེས་སྐབས་སུ་གནས་སྐབས་འཁོར་རྒྱུག་བྱེད་མཚམས་འཇོག་པ་དང་སྒོ་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱོད་པ་བཅས་ལ་མཛུབ་ཁྲིད་བྱ་རྒྱུ་རེད། ཡུལ་སྐོར་ལས་དོན་ཁང་གིས་སྣེ་ལེན་གྱི་ཆ་རྐྱེན་འཛོམས་མེད་པའི་གངས་ཤུད་འཁྱག་ཤུད་ར་བར་ཡུལ་སྐོར་བ་སྒྲིག་འཛུགས་བྱས་ནས་ཡུལ་སྐོར་བྱེད་མི་ཆོག་པ་དང་བདེ་འཇགས་ལམ་ལུགས་ཁག་ལག་བསྟར་ནན་ཏན་བྱེད་པར་ལྟ་སྐུལ་བྱ་རྒྱུ་རེད།
     དེ་དང་ཆབས་ཅིག་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་ཡུལ་སྐོར་བོགས་གཏོང་རླངས་འཁོར་གཉེར་སྐྱོང་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཡུལ་སྐོར་ལས་དོན་ཁང་ལ་ཐོབ་ཐང་ཡོད་པ་དང་ཆ་རྐྱེན་འཛོམས་པའི་རླངས་འཁོར་དང་ཁ་ལོ་བ་བདམས་ནས་ཚད་ལྡན་གྱི་རླངས་འཁོར་བོགས་གཏོང་གྲོས་མཐུན་འཇོག་དགོས་པའི་བླང་བྱ་འདོན་རྒྱུ། གནམ་གཤིས་དང་། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་བདེ། འཕྲལ་སྡོམ། འཕྲོད་བསྟེན་བདེ་ཐང་། དྲིལ་བསྒྲགས་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས“ཡུལ་སྐོར་སྲུང་སྐྱོང་བྱ་སྤྱོད”མཉམ་འབྲེལ་ཐོག་སྤེལ་ཏེ་གནམ་གཤིས་ངན་པ་དང་། འགྲིམ་འགྲུལ་འགག་པ། སྒྲིག་ཆས་སྐྱེལ་འདྲེན་བྱེད་མཚམས་འཇོག་པ། གློ་བུར་དུ་ཐོན་པའི་དོན་རྐྱེན་སོགས་ཀྱི་འཕྲལ་སྡོམ་སྔོན་ཇུས་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ཡག་པོ་བསྒྲུབས་ནས་ཡུལ་སྐོར་བའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་རེད།
(ལྷ་དབང་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)