འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་21ཉིན།

༄༅།།མཐོ་གསར་ལག་རྩལ་གྱི་གྲུབ་འབྲས་ཚོང་འདུས་སྐབས་ཉེར་ལྔ་པ་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་21ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཧྲེན་ཀྲེན་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚོང་འདུས་ལ་སླེབས་པའི་མི་གྲངས་རིམ་རྩིས་བྱས་ན་མི་ཐེངས་ཁྲི་24.8ཟིན་ནས་སྐབས་གོང་མའི་མི་གྲངས་ཀྱི་བསྡོམས་འབོར་ལས་བརྒལ་བ་དང་། ངོ་འཕྲད་གྲོས་མོལ་གྱི་ཉོ་ཚོང་དངུལ་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་372.79ཟིན་པ། རྒྱལ་ཁབ་དང་ས་ཁུལ་གྱི་ཚོགས་པ་105དང་འགྲེམས་ཞུགས་ཚོང་པ་4000ལྷག་ཙམ་ཞུགས་པ་དང་། འགྲེམས་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་50ཟིན་པ་བཅས་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་རྒྱལ་ཁབ་དང་ས་ཁུལ་ཞུགས་མང་ཤོས་ཀྱི་ཀྲུང་གོ་རྒྱལ་སྤྱིའི་མཐོ་གསར་ལག་རྩལ་གྱི་གྲུབ་འབྲས་ཚོང་འདུས་སྐབས་ཉེར་ལྔ་པ(གཤམ་དུ་མཐོ་གསར་ཚོང་འདུས་ཞེས་བསྡུ་རྒྱུ)ཟླ་11ཚེས་19ཉིན་མཇུག་འགྲིལ་ཞིང་། འགྲེམས་ཚོགས་གཅིག་ལ་འགྲེམས་ཁང་གཉིས་དང་། ཨང་དང་པོ་མང་པོ། ཉོ་ཚོང་གྲུབ་འབྲས་གཡུར་དུ་ཟ་བ་སོགས་མིག་དབང་འཕྲོག་པའི་གྲངས་གཞི་ལས“ཀྲུང་གོའི་ཚན་རྩལ་འགྲེམས་ཚོགས་ཨང་དང་པོའི”མིང་བྱང་གྲགས་ཅན་སླར་ཡང་མངོན་ཏེ། སྔོན་ཐོན་དང་རྩེར་སོན་གྱི་ཀྲུང་གོའི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཧྲེན་ཀྲེན་ནས་འཛམ་གླིང་ཕྱོགས་སུ་དར་བར་སྐུལ་འདེད་བཏང་ཡོད།
     འདི་ལོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་10འཁོར་བའི་ལོ་ཡིན་ཞིང་། སྐབས་འདིའི་མཐོ་གསར་ཚོང་འདུས་ལ་ཧང་ག་རི་དང་། ཁེན་ནི་ཡ། ཨུ་རུ་སུ། སེར་པི་ཡ་སོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་9ཡི་པུའུ་ཀྲང་རིམ་པའི་དཔོན་རིགས་ཀྱིས་ཚོགས་གཙོ་བྱས་ནས་ཞུགས་པ་དང་སྦྲགས་རྒྱལ་ཁབ་ཀྱི་འགྲེམས་སྟེགས་ཀྱང་བཙུགས་ཤིང་། ཁྱོན“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་76གི་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་པ་105འགྲེམས་ཚོགས་ལ་ཞུགས་ནས། ལོ་རྒྱུས་ཐོག་རྒྱལ་ཁབ་དང་ས་ཁུལ་ཞུགས་མང་ཤོས་ཀྱི་མཐོ་གསར་ཚོང་འདུས་ཤིག་ཏུ་གྱུར་པ་དང་། དེའི་ནང་རྒྱལ་སྤྱིའི་རྩ་འཛུགས་སྒྲིག་གཞི་དང་ཚན་པ་395ཞུགས་ཡོད། འཛམ་གླིང་ཡོངས་ཀྱི་གསར་གཏོད་ལག་རྩལ་དང་ཐོན་རྫས་འགྲེམས་སྟོན་གྱིས་རྒྱལ་སྤྱིའི་ཚན་རྩལ་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་བ་མ་ཟད། ད་དུང་རྒྱལ་ཁབ་ཁག་དང་མཉམ་དུ་མ་འོངས་པའི་ཚན་རྩལ་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་པའི་སྒོ་དབྱེའི་བརྡ་རྟགས་དྲག་པོ་ཞིག་ཀྱང་བཏང་ཡོད།
     (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། ལྷ་དབང་གིས་ཞུས)