འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་19ཉིན།

༄༅།།ཞི་ཅིན་ཕིང་གིས་པུ་རུ་ནེའི་སུའུ་ཏན་ཧ་སང་ནར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་19ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་ཕྱི་དྲོར། ཅིའུ་ཅིན་ཧྲན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་རུ་ནེའི་སུའུ་ཏན་ཧ་སང་ནར་དང་མཇལ་འཛོམས་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་པུ་རུ་ནེ་ནི་རྒྱ་མཚོ་གཅིག་གིས་ཆོད་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་ལ། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་རོགས་ཟླ་ཡག་པོ་ཞིག་ཀྱང་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་སོང་རིང་། རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཧུར་ཐག་བྱས་པས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་ཡག་པོ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་ཆེ་ཆུང་དབར་ཕན་ཚུན་འདྲ་མཉམ་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་བཏོད་ནས། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། འདི་ལོ་ནི་ཀྲུང་གོ་དང་པུ་རུ་ནེའི་དབར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་5འཁོར་བའི་ལོ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་པུ་རུ་ནེ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་འདོད་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། པུ་རུ་ནེས་རང་ངོས་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་པུ་རུ་ནེ་ཕྱོགས་ཀྱིས་ཐོན་རྫས་སྤུས་ལེགས་ཀྲུང་གོར་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུས་ནས། ཀྲུང་གོའི་ཁེ་ལས་དེ་བས་མང་བས་པུ་རུ་ནེར་མ་འཇོག་ལས་དར་བྱེད་པ་དང་། འབྲུ་རིགས་བདེ་འཇགས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་སློབ་གསོ་དང་། རིག་གནས། ཡུལ་སྐོར། འཕྲོད་བསྟེན། ས་གནས་སོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་པར་སྐུལ་ལྕག་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བྱས་ནས་མཚོ་ཐོག་གི་ཐུན་མོང་གསར་སྤེལ་ལ་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་བཏང་སྟེ་ལྷོ་མཚོའི་ཞི་བདེ་དང་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་པུ་རུ་ནེ་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་དང་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་སྲུང་སྐྱོང་བྱེད་འདོད་ཡོད།
    ཧ་སང་ནར་གྱིས་ཀྲུང་གོ་ཕྱོགས་ཀྱིས་མི་རིང་བའི་གོང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། པུ་རུ་ནེ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཡག་པོ་བྱུང་ཡོད་ལ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་བདེ་བླག་བྱུང་ཡོད། པུ་རུ་ནེས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་གྱི་ཡོད། ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་པུ་རུ་ནེ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། ཉ་ལས། ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། མི་ཆོས་རིག་གནས་སྤེལ་ཟབ་ཏུ་བཏང་སྟེ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།