འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་གྲོས་ཆོད་འདིར་གྲོས་འཆམ་བྱུང་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་17ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
   མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་15ཉིན་གྲོས་ཆོད་ཨང་2712ལ་གྲོས་འཆམ་བྱུང་ནས། ཅ་ཧྲ་ས་ཁུལ་ཧྲིལ་པོར་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་གནས་སྐབས་མཚམས་འཇོག་དང་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་འཛུགས་དགོས་པའི་འབོད་སྐུལ་བྱས་པ་རེད། འདི་ནི་ཟླ་10ཚེས་7ཉིན་ཕ་དབྱི་བར་རེས་སྐོར་གསར་པའི་གདོང་གཏུག་ཐོན་ཚུན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་གྲོས་ཆོད་ལ་ཐོག་མར་གྲོས་འཆམ་བྱུང་བ་རེད།
     གྲོས་ཆོད་ནང་ཅ་ཧྲ་ས་ཁུལ་ཧྲིལ་པོར་“ཉིན་གྲངས་འདང་ངེས་ཡོད་པའི་”དུས་ཡུན་རིང་པོའི་མི་ཆོས་རིང་ལུགས་ཀྱི་གནས་སྐབས་མཚམས་འཇོག་བྱེད་པ་མ་ཟད། མི་ཆོས་རིང་ལུགས་ཀྱི་བར་ཁྱམས་བཙུགས་ནས་མི་ཆོས་རིང་ལུགས་ཀྱི་ཞུགས་འཐུས་འགན་སྲུང་དགོས་པའི་འབོད་སྐུལ་བྱས་པ་དང་། ཅ་ཧྲ་ས་ཁུལ་ཧྲིལ་པོར་འཐུང་ཆུ་དང་། གློག་ཤུགས། སྤོར་རྫས། བཟའ་བཅའ། སྨན་བཅོས་དངོས་རྫས་བཅས་ཚུད་པའི་གཞི་རྩའི་དངོས་རྫས་དང་ཞབས་ཞུ་དེ་བས་སྟབས་བདེ་བའི་སྒོ་ནས་མཁོ་འདོན་བྱེད་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་ལྟེ་བ་ཉམས་གསོ་བྱེད་རྒྱུའི་སྐུལ་འདེད་གཏོང་དགོས་པ། གཏོར་བརླག་ཐེབས་པའི་ཁང་པའི་ནང་གར་སོང་ཆ་མེད་དུ་གྱུར་པའི་བྱིས་པ་དང་བྱིས་པ་རྨས་མ་འཚོལ་ཞིབ་དང་། དེ་བཞིན་བདག་སྐྱོང་བྱེད་མཁན་ལ་སྨན་བཅོས་བསྐྱལ་རྒྱུ་ཚུད་པའི་འཕྲལ་མྱུར་རོགས་སྐྱོབ་དང་སླར་གསོའི་ལས་ཀར་འགན་སྲུང་བྱ་དགོས།
     གྲོས་ཆོད་ནང་ཕྱོགས་ཁག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་འོས་འགན་དང་། ཡང་སྒོས་སུ་མི་སེར་སྲུང་སྐྱོང་བྱ་རྒྱུ་དང་། ལྷག་པར་དུ་བྱིས་པ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་དོན་ཚན་བརྩི་སྲུང་བྱ་དགོས་པའི་བླང་བྱ་བཏོན་ཡོད། གྲོས་ཆོད་ནང་ཆ་རྐྱེན་མེད་པར་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)དང་རྩ་འཛུགས་གཞན་དག་གིས་བཀག་ཉར་བྱས་པའི་མི་གཏའ་མྱུར་དུ་གློད་གྲོལ་གཏོང་བར་སྐུལ་མ་བཏང་། གྲོས་ཆོད་ནང་ཕྱོགས་ཁག་གིས་ཅ་ཧྲ་མི་སེར་འཚོ་གནས་བྱེད་སའི་མ་མཐའི་ཞབས་ཞུ་དང་མི་ཆོས་རོགས་སྐྱོར་འཕྲོག་རིགས་མི་ཐོན་པར་བྱེད་དགོས་པའི་སྐུལ་མ་བཏང་བ་རེད། 
     གྲོས་ཆོད་ནི་མ་ཨར་ཐ་ཡིས་འཆར་ཟིན་བཀོད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་15ཡི་ཁྲོད་ཀྱི་ཁོངས་མི་12ཀྱི་རྒྱབ་སྐྱོར་ཐོབ་པ་རེད། ཨ་རི་དང་། དབྱིན་ཇི། ཨུ་རུ་སུ་བཅས་ཀྱིས་དབང་ཆ་དོར་བའི་འདེམས་ཤོག་འཕངས་པ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་མ་བཅད་གོང་། ཨུ་རུ་སུས་གྲོས་ཆོད་འཆར་ཟིན་ལ་ངག་ཐོག་གི་དག་བཅོས་འཆར་ཟིན་བཏོན་ཏེ། འཕྲལ་མར་ཡུན་རིང་དང་རྒྱུན་མཐུད་ཀྱི་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས་ནས། དགྲར་འཛིན་བྱ་སྤྱོད་སྤེལ་མཚམས་འཇོག་པའི་སྐུལ་འདེད་བཏང་བ་རེད། ཨུ་རུ་སུའི་དག་བཅོས་འཆར་ཟིན་ལ་མོས་མཐུན་ཡོད་པའི་འདེམས་ཤོག་འདང་ངེས་ཤིག་མ་ཐོབ།