འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་ཆེད་བསྐོས་ཕོ་ཉས་བརྗོད་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་ཐོབ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་17ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཝ་ལུའུ་ཨ་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྲིད་གཞུང་གི་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་ཆན་པོ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་10ཉིན་ཁུའུ་ཁེ་གླིང་ཚོམ་གྱི་རྒྱལ་ས་ཨ་ཝ་ལུའུ་ཨ་རུ་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སྐབས་52པའི་ནང་ཞུགས་སྐབས། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དང་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་རྒྱས་བཤད་བྱས་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་གླིང་ཕྲན་རྒྱལ་ཁབ་ཀྱིས《ཞི་བདེ་རྒྱ་མཚོ་སྔོན་པོའི་2050ཡི་འཐབ་ཇུས》དོན་འཁྱོལ་བྱ་རྒྱུར་གོ་སྐབས་ཆེན་པོ་སྦྱིན་རྒྱུ་རེད་ཅེས་ནན་བཤད་བྱས་པ་རེད།
     ཆན་པོ་ཡིས་ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་བའི“བརྩི་འཇོག་གང་ལེགས་བཞིའི”སྲིད་ཇུས་རྒྱས་བཤད་བྱས་པ་དང་། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་ལྷག་པར་དུ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བྱ་སྤྱོད་ཁག་བརྒྱད་ངོ་སྤྲོད་བྱས་པ་མ་ཟད། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་གླིང་ཕྲན་རྒྱལ་ཁབ་ཀྱིས《ཞི་བདེ་རྒྱ་མཚོ་སྔོན་པོའི་2050ཡི་འཐབ་ཇུས》དོན་འཁྱོལ་བྱེད་པར་གོ་སྐབས་ཆེན་པོ་སྦྱིན་རྒྱུ་རེད་ཅེས་ནན་བཤད་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ་གླིང་ཕྲན་རྒྱལ་ཁབ་དང“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་དེ་བཞིན་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འཕྲལ་སྡོམ་དངོས་ཟོག་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། དབུལ་ཉུང་འཕེལ་རྒྱས། གེགས་འགོག་གེགས་སེལ། ཞིང་ལས། ཤ་མོའི་སོན་རྩྭ་བཅས་མཉམ་ལས་ལས་སྟེགས་ཆེན་པོ་དྲུག་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གླིང་ཕྲན་རྒྱལ་ཁབ་ཀྱིས་2050ཡི་འཐབ་ཇུས་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད། ཚོགས་འདུའི་ཐོག་ཆན་པོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་གསར་པ་ཁྱབ་བསྒྲགས་བྱས་པར་ཚོགས་ཞུགས་ཕྱོགས་ཁག་གི་དགའ་བསུ་ཐོབ་པ་མ་ཟད། ཚད་མཐོའི་གདེང་འཇོག་ཀྱང་ཐོབ་པ་རེད།
     (མཚམས་གཅོད་ཀྱིས་བསྒྱུར། པ་ཕན་དང་མཚམས་གཅོད་ཀྱིས་ཞུས)