འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ལྷན་ཚོགས་ཀྱིས་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་བ། 

——ཀྲུང་གོའི་དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་བའི་བརྡ་རྟགས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་17ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཆན་ཆན་དང་ཡན་ཧྥུ་ཅིང་།
     ཉིན་ཤས་གོང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ལྷན་ཚོགས(IMF)ཀྱིས་ཀྲུང་གོའི་འདི་ལོ་དང་སང་ལོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་བ་དང་དུས་མཚུངས། ཀྲུང་གོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐྱོད་པའི་འཕེལ་རིམ་ལའང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། འབྲེལ་ཡོད་རྣམ་འགྱུར་གྱི་རྒྱབ་ཏུ་རྒྱལ་སྤྱིའི་སྒྲིག་གཞིས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་དང་ལེགས་སུ་འགྲོ་བར་ལྟ་སྟངས་ཡག་པོ་འཛིན་པའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ཡོད།
     དུས་ཚིགས་གསུམ་པ་ནི་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལེགས་སྒྲུབ་བྱེད་པའི་འགག་རྩའི་དུས་སྐབས་ཤིག་རེད། ཟླ་7པ་ནས་བཟུང་། རྒྱལ་སྤྱིའི་རྙོག་འཛིང་ཆེ་བའི་དུས་བབ་དང་། རྒྱལ་ནང་གི་ཚ་བ་ཆེ་བའི་གནམ་གཤིས། ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཐོན་པ་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ལས་ཀྲུང་གོའི་དཔལ་འབྱོར་གྱི་དམིགས་ཚད་ཁག་གཅིག་འཕར་ཚད་ཅུང་ཆག་ཡོད་པ་རེད། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པར་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་པ་དང་ཆབས་ཅིག་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)འཕར་ཚད་སྔར་བཞིན་5.2%ཟིན་ནས་ལོ་ཧྲིལ་པོའི་5%ཙམ་གྱི་སྔོན་དཔག་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
     རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ལྷན་ཚོགས་ཀྱིས་2023ལོའི་ཀྲུང་གོའི་GDPའཕར་ཚད་ཀྱི་སྔོན་དཔག་བྱས་པ་དེ་དེ་སྔོན་གྱི་5%ནས་5.4%བར་མཐོ་རུ་བཏང་བ་དང་དུས་མཚུངས་2024ལོའི་GDPའཕར་ཚད་སྔོན་དཔག་ལས་མཐོ་རུ་བཏང་བ་རེད། དེའི་ཐད་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ལྷན་ཚོགས་ཀྱི་ཙུང་ཚའེ་གཞོན་པ་དང་པོ་ཅི་ཐ·ཀེ་ཕི་ན་ཐེ་ཡིས། འཕར་ཚད་མཐོ་རུ་བཏང་བའི་རྒྱུ་རྐྱེན་ནི་དུས་ཚིགས་གསུམ་པའི་ནང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལས་མཐོ་བ་དང་དེ་བཞིན་ཀྲུང་གོས་ཉེ་དུས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་པས་རེད་ཅེས་བརྗོད་པ་དང་། ཁོང་གིས“ཀྲུང་གོའི་དཔལ་འབྱོར་2023ལོའི་འཕར་ཚད་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་རེ་ཡོད་པ་དེ་ཐོག་ནས་ཏོག་གསར་རིམས་ནད་ཐོན་རྗེས་ཀྱི་སླར་གསོ་ཤུགས་ཆེན་བྱུང་བ་མངོན་ཡོད”ཅེས་བརྗོད་པ་རེད།
     དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། IMFཡིས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཚུལ་གླེང་ཡོད། ཀེ་ཕི་ན་ཐེས་ཀྲུང་གོས་སྤུས་ཚད་མཐོ་བ་དང་། རྒྱུན་མཐུད་ཆོག་པ། བསྟུན་མཁས་རང་བཞིན་བཅས་ཀྱི་སྒོ་ནས་འཕར་རྒྱུར་ཕྱོགས་མང་པོའི་ཐད་འབད་བརྩོན་བྱེད་བཞིན་ཡོད་ཅེས་བརྗོད།
     གྲངས་འབོར་འཕར་བ་ཙམ་མ་ཟད། ངོ་བོའི་ཐོག་ནས་ལེགས་སུ་ཕྱིན་པ་ལ་སོགས་དཔལ་འབྱོར་གྱི་གྲངས་གཞི་རབ་དང་རིམ་པ་ནི་ར་སྤྲོད་གསལ་པོ་ཞིག་རེད།
     དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་གོའི་ལག་རྩལ་མཐོ་བའི་ཐོན་ལས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་11.4%འཕར་བ་དང་། གློག་སྒུལ་མི་བཞུགས་རླངས་འཁོར་དང་། ལིས་གློག་རྫས། ཉི་ནུས་གློག་རྫས་བཅས“རིགས་གསར་པ་གསུམ”གྱི་ཐོན་རྫས་ཕྱིར་གཏོང་རིན་ཐང་དུས་མཚུངས་ལས་41.7%འཕར་བ་དང་། བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་དེ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ཡོངས་ཀྱི་བརྒྱ་ཆའི་གྲངས་3.1ལས་མཐོ་བ་ཡོད་པ། རྒྱལ་ཡོངས་སུ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་ཤུགས་གསར་འཕར་ཆན་ཝ་དུང་ཕྱུར་1.72ཟིན་པ་དེ་དུས་མཚུངས་ལས་93%འཕར་བ་དེས་གསར་འཕར་གློག་འདོན་ཤུགས་ཀྱི་76%བཟུང་བ་སོགས་ཚན་རྩལ་གསར་གཏོད་ཀྱི་སྒུལ་ནུས་གསོག་འཇོག་བྱས་པ་དང་། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ། ཐཱན་ཉུང་ཕྱོགས་སྒྱུར་ཐད“ལྗང་མདོག”རིམ་བཞིན་འཕེལ་རྒྱས་ཕྱིན་པ་བཅས་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོབ་ཡོད་པ་རེད།
     རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་དཔལ་འབྱོར་སྔོན་དཔག་པུའི་ཀྲུའུ་རེན་ཀྲང་ཡུས་ཞན་གྱིས་དཔལ་འབྱོར་སླར་གསོའི་སྐུལ་འདེད་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་བཅས“བརྩེགས་སྣོན”སུ་གྲུབ་ནས་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་ཡོང་བའི་རྣམ་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད་ཅེས་བརྗོད།
     ཀྲུང་གོའི་དཔལ་འབྱོར་ལ་ལྟ་ཞིབ་བྱེད་པར་དུས་ཐུང་གི“རྣམ་པར”བལྟ་དགོས་ལ། དུས་ཡུན་རིང་པོའི“གནས་བབ”ལའང་དེ་བས་ཀྱང་བལྟ་དགོས།
     དུས་ཡུན་རིང་པོར་བལྟས་ཚེ། ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་དཔལ་འབྱོར་ལ་མི་མངོན་པའི་སྟོབས་ཤུགས་དང་མཉེན་ཤུགས་ཆེན་པོ་ལྡན་པ་དང་། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོའི་ནང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།
     ཀྲུང་གོའི་གྲོང་མིའི་འཛད་སྤྱོད་ཀྱི་བར་མཐོངས་རྒྱ་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པ་དེས་སྡོད་ཁང་དང་། སྨན་བཅོས། སློབ་གསོ། རྒན་གསོ། བྱིས་གསོ་སོགས་ཁྱབ་ཁོངས་ཀྱི་དགོས་མཁོ་བསྐངས་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་ཆེན་པོ་བཏོན་ཡོད། དེ་དང་ཆབས་ཅིག་སྤུས་ལེགས་ཚོང་ཟོག་དང་ཞབས་ཞུའི་མཁོ་སྤྲོད་མི་འདང་བ་དང་མི་མངོན་པའི་སྟོབས་ཤུགས་ཆེ་བས་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་མདོང་ལམ་འཛུགས་སྐྲུན་དང་། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་སྒྱུར་བཀོད། ཐོན་ལས་ལྗང་མདོག་ཅན་དང་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར། སྐྱེ་དངོས་གསོ་རིག་སོགས་ཁྱབ་ཁོངས་སུ་མི་མངོན་པའི་ནུས་པ་ཅུང་མང་པོ་ལྡན་ཡོད།
     ཀེ་ཕི་ན་ཐེ་ཡིས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕར་ཚད་ནང་ལྗང་མདོག་དཔལ་འབྱོར་དང་དེ་བཞིན་མ་འཇོག་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕར་སྟངས་དེ་འཛད་སྤྱོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕར་སྟངས་སུ་གྱུར་ཡོད། འབྱུང་འགྱུར་ཁྲོམ་ར་ཅན་གྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱ་ཆེར་བྱ་རྒྱུ་དེས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། སླར་ཡང་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ། འཕར་བའི་སྒུལ་ཤུགས་གསར་པ་འཕེལ་བ་བཅས་ལ་ཕན་ཐོགས་ཡོད་ལ་དཔལ་འབྱོར་འཕར་རྒྱུར་ཡང་རོགས་རམ་བྱེད་ཐུབ་ཅེས་བརྗོད་པ་རེད།
     (ཉི་དོན་གྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)