འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རང་རྒྱལ་གྱིས《རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་གྲོས་འགོ》ཐོག་མར་བཏོན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་16ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཁྲུང་ཆིང་དུ་གྲོལ་བའི“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་སྤེལ་རེས་ཚོགས་ཆེན་སྐབས་དང་པོའི་ཐོག་རང་རྒྱལ་གྱིས《རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་གྲོས་འགོ》ཐོག་མར་བཏོན་ནས་སྒོ་དབྱེ་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་འདུ་ཤེས་དར་སྤེལ་དང་ལག་ལེན་བསྟར་ནས“ཚན་རིག་ལ་རྒྱལ་མཚམས་མེད་པ་དང་མིའི་རིགས་ཡོངས་ལ་ཕན་པ་ཐོབ་པ”ཞེས་པ་མཐའ་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་རེད།
     《རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་གྲོས་འགོའི》ནང་ཚན་རིག་གོང་བཀུར་དང་། གསར་གཏོད་འཕེལ་རྒྱས། སྒོ་དབྱེ་མཉམ་ལས། འདྲ་མཉམ་བསྟུན་མཁས། མཐུན་སྒྲིལ་མཉམ་རོགས། ཀུན་ཕན་གཉིས་ཁེ་སོགས་ཕྱོགས་དྲུག་གི་ཞིབ་ཕྲའི་ནང་དོན་ཚུད་ཡོད་པ་དཔེར་ན། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱ་ཐུན་མོང་ཐོག་འཛུགས་པ། ཚན་རྩལ་གསར་གཏོད་པ་དང་ཐོན་ཁུངས་སོགས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རང་མོས་ངང་འཁོར་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཤེས་ལྡན་པའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཁག་དང་ཚན་རིག་ཞིབ་འཇུག་དངོས་ཚན་འདྲ་མཉམ་ངང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ནང་ཞུགས་རྒྱུ་དར་སྤེལ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་དབར་མཉམ་ལས་གཏིང་ཟབ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། གཉིས་ཁེ་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཉིས་ཕན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་སོགས་རེད།
     སྐབས་འདིའི་ཚོགས་ཆེན་ཐོག“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་གྲུབ་འབྲས་ཐོག་མར་ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར། ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་80ལྷག་ཙམ་དང་སྲིད་གཞུང་དབར་གྱི་ཚན་རྩལ་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། འཕྲོད་བསྟེན་དང་། འགྲིམ་འགྲུལ། རྒྱུ་ཆ། ནུས་རྒྱུ་སོགས་ཁྱབ་ཁོངས་སུ“རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་གྱི་ཚོད་ལྟ་ཁང་50ལྷག་ཙམ་བསྐྲུན་ནས་མཉམ་སྐྲུན་རྒྱལ་ཁབ་ཏུ་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་20ལྷག་ཙམ་དང་ཕྱི་རྒྱལ་དུ་ཐོན་ལས་གླིང་70ལྷག་ཙམ་བསྐྲུན་ཡོད། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་སོགས་ལ་རྒྱལ་མཚམས་སྒྲོལ་བའི་ལག་རྩལ་གཞན་སྒྱུར་ལྟེ་གནས་9བསྐྲུན་པ་དང་། རིམ་རྩིས་བྱས་ན། ལག་རྩལ་སྤེལ་རེས་འབྲེལ་མཐུད་བྱེད་སྒོ་300ལྷག་ཙམ་སྤེལ་ནས་མཉམ་ལས་རྣམ་གྲངས་ཆིག་སྟོང་ལྷག་ཙམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
     (བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)