འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་སྤྱིའི་གཞོན་ནུ་ཀྲུང་གོར་བསྐྱོད་པ། ཨན་ཧུའེ་རུ་ཚན་རྩལ་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་སྐོར་ཉམས་སུ་མྱངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་16ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧྥང་ཆང་དང་ཆུས་ཡན།
     ཟླ་11ཚེས་9ནས་12ཉིན་བར། 2023ལོའི“རྒྱལ་སྤྱིའི་གཞོན་ནུ་ཀྲུང་གོར་བསྐྱོད་པ”ཞེས་པའི་བྱེད་སྒོ་ཨན་ཧུའེ་ཞིང་ཆེན་དུ་སྤེལ་ཞིང་། རྒྱལ་ཁབ་10ནས་ཡོང་བའི་གཞོན་ནུ་བཅུ་གྲངས་ཀྱིས་གནས་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་འཚོལ་ཞིབ་བྱས་ནས་འབྲི་ཆུ་དང་ཧོའེ་ཧོ་གཙང་པོའི་ས་གཞི་ཆེ་མོར་རྦ་རླབས་ལྟར་འཕྱུར་བའི་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཉམས་སུ་མྱངས་པ་དང་འབྲེལ། ཨན་ཧུའེ་ཡི་ཚན་རྩལ་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་ཤེས་རྟོགས་ཀྱང་བྱས་པ་རེད།
     ཨན་ཧུའེ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཧོ་ཧྥེ་རུ་ཚན་ཞིབ་ས་བོན་གྱི་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་ཅིང་། “ཚན་རིག་གི་ཉམས་བཟང”ཡང་གྲོང་ཁྱེར་དེའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཞིག་ཏུ་གྱུར་ཡོད། ཧོ་ཧྥེའི་ནུབ་འདབས་ཀྱི“ཚན་རིག་གླིང་ཕྲན”གྱི“རྫ་བུམ”ཆེན་པོ་ཞིག་གིས་རྒྱལ་སྤྱིའི་གཞོན་ནུ་ཚོའི་མིག་དབང་འཕྲོགས་ཤིང་། དེ་ནི་ཀྲུང་གོ་ཚན་རིག་ཁང་ཧོ་ཧྥེ་དངོས་རྫས་ཚན་རིག་ཞིབ་འཇུག་ཁང་གི་ཚན་རིག་མཁས་ཅན་ཚོས་ནུས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དང་མིང་ལ“མིས་བཟོས་ཉི་མ”ཞེས་བརྗོད་པའི་གེགས་མེད་ཀྱི་ཐུའོ་གཱ་མ་ཁེ་ཉིང་རྡུལ་འདུས་འགྱུར་གྱི་ཚོད་ལྟའི་སྒྲིག་ཆས(EAST)རེད། རྒྱལ་སྤྱིའི་གཞོན་ནུ་དང་ཚན་རིག་མཁས་ཅན་གྱིས་སྤེལ་རེས་འཁྲུག་པོ་བྱས་ཏེ་མིའི་རིགས་ཀྱི“འབྱུང་འགྱུར་ནུས་རྒྱུ”སྟེ་ཉིང་རྡུལ་འདུས་འགྱུར་ནུས་རྒྱུའི་ཚན་རིག་ཤེས་བྱར་རྒྱུས་མངའ་ཡོང་བར་བྱས་པ་རེད།
     “འཛམ་གླིང་གི་ཟིན་ཐོ་བཏོད་པའི‘མིས་བཟོས་ཉི་མ’རང་ཉིད་ཀྱིས་དངོས་སུ་མཐོང་བར་བརྟེན་ང་རང་དགའ་ཚོར་ཆེན་པོ་བྱུང་ལ། སེམས་འགུལ་ཡང་ཐེབས་བྱུང”ཞེས་ལན་ཀྲོའུ་སློབ་ཆེན་གྱི་ཉིང་རྡུལ་ཚན་རིག་དང་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁ་རེ་ཤེ་ཡ་ནས་ཡོང་བའི་མོ་ཕ་ཡིས་བརྗོད་ཅིང་། ཁོང་གིས“ལག་རྩལ་དེ་བྱང་ཆུབ་པར་གྱུར་རྗེས། མིའི་རིགས་ལ་ནུས་རྒྱུ་གཙང་མ་ཟམ་མི་ཆད་པར་ཐོབ་རྒྱུ་རེད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
     རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་ཅིང་། ཚན་རྩལ་ཡར་ཐོན་མངོན་འགྱུར་ཡོང་བར་བྱེད་པ་དང་ཆབས་ཅིག ཨན་ཧུའེ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ“རི་ཆུའི་མན་ངག”ཡག་པོ་བཏོན་ནས“སྔོ་ལྗང་ལས་དོན”གང་ལེགས་བསྒྲུབས་ཡོད། ཁྲའོ་ཧུའུ་མཚེའུའི་འགྲམ་གྱི་ཧྲེ་པ་ལན་ཝེ་སྐྱེ་ཁམས་འདམ་རར་འཆམ་འཆམ་དུ་བསྐྱོད་པས་ན། རྒྱལ་སྤྱིའི་གཞོན་ནུ་ཚོ་རི་མོའི་ནང་སླེབས་པ་ལྟར་གྱི་སྣང་བ་བྱུང་ཡོད། དེ་གར་རྩྭ་ཆུ་བཟང་བ་དང་བྱ་རིགས་འཕུར་ལྡིང་བྱེད་ཅིང་། ཉེ་བའི་ལོ་ཤས་རིང་འདམ་ར་སྤྱི་ཆིང་1100ལྷག་ཙམ་སླར་གསོ་ཐུབ་ནས་འདབ་ཆགས་རིགས་110ལྷག་ཙམ་ལ་ལྟ་ཞིབ་ཐུབ་པ་དེ་ཐོག་ནས་མཛེས་སྡུག་ལྡན་པའི་ཨན་ཧུའེ་ཡི་ལྟ་ན་སྡུག་པའི་ཡུལ་ལྗོངས་གསོན་ཉམས་དོད་པོས་མངོན་ཡོད་པ་རེད།
     གཞན་ཡང་། ཧོ་ཧྥེས“ནུས་རྒྱུ་གསར་པའི་རླངས་འཁོར་གྲོང་ཁྱེར”གཏོད་རྒྱུར་གཞོལ་ནས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཝུའེ་ལའེ་སྔོན་ཐོན་བཟོ་སྐྲུན་རྟེན་གཞི་གཉིས་པར་རྒྱལ་སྤྱིའི་གཞོན་ནུ་ཚོས་ཉེ་འགྲམ་ནས་རིག་ནུས་གློག་སྒུལ་རླངས་འཁོར་ཐོན་སྐྱེད་དང་བཟོ་སྐྲུན་གྱི་བརྒྱུད་རིམ་ལ་ལྟ་ཞིབ་བྱས་པ་མ་ཟད། ཁོང་ཚོས་རླངས་འཁོར་ནང་བསྡད་ནས་ཚོད་ལྟ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་གླེང་མོལ་བྱས་ཏེ་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པའི་གསར་གཏོད་དང་ལག་ལེན་གྱི་སྐོར་ཤེས་རྟོགས་བྱས་པ་རེད།
     ཨན་ཧུའེ་རུ་སྐྱོད་རིང་། རྒྱལ་སྤྱིའི་གཞོན་ནུ་རྣམས་ཀྱིས་ད་དུང་པར་རིས་ཀྱི་གཏམ་རྒྱུད་ལ་བརྟེན་ནས་རང་ཉིད་ཀྱི“ཨན་ཧུའེ་ཡི་བག་ཆགས”མཉམ་སྤྱོད་བྱས་ཏེ་ཨན་ཧུའེ་ཡི“ཀྲུང་གོའི་ཉམས་བཟང”དང“རྒྱལ་སྤྱིའི་ཉམས་འགྱུར”མཉམ་འདྲེས་བྱུང་བ་མཚོན་ཡོད་པ་རེད།
     “ཧུའེ་ཀྲོའུ་ཡི་རིག་གནས་ལ་དངོས་པོ་དང་དངོས་མིན་གྱི་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པོ་ཡོད། རིག་གནས་ནི་ས་ཁོངས་དང་མི་རིགས་བརྒལ་བའི་མིའི་རིགས་ཀུན་ལ་ཁྱབ་པའི་སྐད་ཆ་ཞིག་ཡིན་ལ། ང་ཚོས་ཀྲུང་གོ་ངོས་འཛིན་དང་ཀྲུང་གོ་ཤེས་རྟོགས་བྱེད་པའི་གསང་ཨང་གལ་ཆེན་ཞིག་ཀྱང་ཡིན”ཞེས་ཨ་རི་ནས་ཡིན་པའི་ཇུས་འགོད་པ་ཞེ་མིན་གྱིས་བརྗོད་པ་རེད།
     “རྒྱལ་སྤྱིའི་གཞོན་ནུ་ཀྲུང་གོར་སྐྱོད་པ”ཞེས་པ་ནི“རྒྱལ་སྤྱིའི་གཞོན་ནུའི་གཙོ་འཛིན་གྱི་གླེང་མོལ”རྣམ་གྲངས་ཀྱི་སྒྲོམ་གཞིའི་འོག་སྤེལ་བའི་ལམ་སྲོལ་ཅན་གྱི་སྤེལ་རེས་བྱེད་སྒོ་ཞིག་རེད། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་གཞོན་ནུ་ཀྲུང་གོའི་ས་གནས་ཁག་ཏུ་བསྐྱོད་པར་གདན་དྲངས་ནས་ཀྲུང་གོ་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ་དང་། ཕན་ཚུན་དབར་གྱི་མཛའ་གཅུགས་ཟབ་ཏུ་གཏོང་བ། ཐུན་མོང་ཐོག་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དེ་རེད།
     (གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་གནམ་གྱིས་ཞུས)