འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ནེའི་ལེགས་རྩེ་འགག་སྒོ་དངོས་སུ་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་16ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་འབྲོང་པ་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་13ཉིན་ཀྲུང་ནེའི་ལེགས་རྩེ་འགག་སྒོ་དངོས་སུ་ཤར་གཏོང་ཐུབ་པ་རེད། འགག་སྒོ་ཤར་གཏོང་ཐུབ་པ་དེས་ཀྲུང་ནེའི་ཕྱོགས་ཡོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་དང་མི་ཆོས་སྤེལ་རེས་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད་ལ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བར་དེ་བས་རྒྱ་ཆེ་བའི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད། ཀྲུང་ནེ་ཕྱོགས་གཉིས་པོའི་འཐུས་མིས་ཤར་གཏོང་མཛད་སྒོར་དུས་སྐབས་གལ་ཆེན་དེར་མཉམ་དུ་བདེན་དཔང་བྱས་པ་རེད།
     ལེགས་རྩེ་འགག་སྒོ་ནི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཡག་ར་ཤང་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4772ཡོད། ལེགས་རྩེ་ནི་རང་ལྗོངས་ཀྱི་སྲོལ་རྒྱུན་གྱི་ནེ་པ་ལར་ཕྱོགས་པའི་ཚོང་དོན་བགྲོད་ལམ་ཞིག་ཡིན་པ་དང་། ལོ་རྒྱུས་སུ་ཀྲུང་ནེའི་ཚྭ་དང་འབྲུ་རིགས་ཉོ་ཚོང་ས་ཚིགས་ཡིན་པས། ཕྱོགས་གཉིས་པོའི་མཐའ་མཚམས་མང་ཚོགས་ཀྱིས་དུས་བཀག་ལྟར་སྲོལ་རྒྱུན་གྱི་ཀྲུང་ནེའི་མཐའ་མཚམས་མང་ཚོགས་ཀྱི་ཚོང་ཟོག་ཉོ་ཚོང་བྱེད་ཀྱི་ཡོད། ལེགས་རྩེ་འགག་སྒོ་སྐྲུན་འགོ་ཚུགས་པ་ནས་བཟུང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་4ཙམ་བཏང་བ་དང་། རྒྱལ་སྒོའི་མཉམ་ཞིབ་ཐོག་ཁང་དང་། ནང་འདྲེན་དངོས་ཟོག་བཤེར་ཁང་། འགག་སྒོའི་འཕྲལ་སྡོམ་འགན་སྲུང་ལྟེ་གནས། མཐའ་མཚམས་ཞིབ་བཤེར་གྱི་འཕྲལ་སྡོམ་དང་ཆ་འཕྲིན་བཀོད་འདོམས་ལྟེ་གནས་སོགས་རྣམ་གྲངས་23བསྐྲུན་པར། ཁྱོན་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲུལ་པའི་ཞིབ་བཤེར་བགྲོད་ལམ་8དང་འཁོར་རིགས་ཞིབ་བཤེར་བགྲོད་ལམ་2ཡོད་པ་མ་ཟད། མིག་སྔའི་རྒྱལ་ནང་གི་སྔོན་ཐོན་འགག་སྒོའི་ཞིབ་བཤེར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།
     འབྲོང་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ནོར་བུ་ཚེ་རིང་གིས་འགག་སྒོའི་བྱེད་ནུས་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། འགག་སྒོའི་ས་ཁོངས་བཀོད་སྒྲིག་ལེགས་སུ་གཏོང་བ། འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས། འགག་སྒོའི་ས་བབ་ཀྱི་ལེགས་ཆ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་སུ་ཏན་ཏིག་འགྱུར་བར་བྱེད་ཀྱི་ཡིན་ཞེས་བརྗོད།
     (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)