འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧ་མ་སི་ཡིས་རྒྱལ་སྤྱིའི་རྩ་འཛུགས་ལ་ཅ་ཧྲ་ཡི་ཤིས་ཧྥ་སྨན་ཁང་སྲུང་སྐྱོབ་བྱ་རྒྱུའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་14ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅ་ཧྲ་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་དགོང་མོ་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་གྱི་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་སྨྱན་སྦྱོར་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ཏེ། རྒྱ་གྲམ་དམར་རྟགས་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཅ་ཧྲ་གྲོང་དུ་གནས་པའི་ཅ་ཧྲ་ཁུལ་གྱི་སྨན་ཁང་ཆེ་ཤོས་ཤིས་ཧྥ་སྨན་ཁང་སྲུང་སྐྱོབ་བྱས་ནས“གེགས་བར་རང་བཞིན་གྱི”གནས་ཚུལ་མི་ཐོན་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
     གསལ་བསྒྲགས་ནང་། ཚེས་10ཉིན་གྱི་དགོང་མོ་ནས་བཟུང་ཤིས་ཧྥ་སྨན་ཁང་ལ་རྒོལ་རྡུང་ཐེངས་མང་ཕོག་པས་སྨན་དོན་མི་སྣ་དང་། རྨས་མ། ཡུལ་གྱར་བ་བཅས་ཚང་མ་རྒོལ་རྡུང་ཕོག་ཡུལ་དུ་འགྱུར་ཉེན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་དང་རྨས་མ་སྨན་ཁང་དུ་སྐྱེལ་ཐབས་བྲལ་བས་ཅ་ཧྲ་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་ཚེས་11ཉིན་འཆི་རྨས་ཀྱི་འབྲེལ་ཡོད་གྲངས་གཞི་གསར་བརྗེས་བྱེད་ཐབས་མེད་ཅེས་འཁོད་ཡོད་པ་རེད།
     ཚེས་11ཉིན་ཕ་ལེ་སི་ཐན་གྱི་གནས་ཚུལ་ཤེས་མཁན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དབྱི་སི་རལ་གྱི་ཐན་ཁེའི་དཔུང་སྡེས་ཉིན་དེར་ཤིས་ཧྥ་སྨན་ཁང་གི་མཐའ་བསྐོར་བ་མ་ཟད་སྨན་ཁང་གི་མཐའ་འཁོར་དུ་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་དང་གདོང་ཐུག་དྲག་པོ་བྱུང་བས་སྨན་ཁང་དེར་སྐྱོད་སའི་འགྲོ་ལམ་ཚང་མ་བཀག་ཡོད་པ་རེད། གཞན་ཡང་ཅ་ཧྲ་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱི་གནས་ཚུལ་ཤེས་མཁན་གྱིས་མིག་སྔར་ཤིས་ཧྥ་སྨན་ཁང་གིས་ནད་བཅོས་སྲོག་སྐྱོབ་ཀྱི་ལས་དོན་ཡོངས་སུ་སྤེལ་མཚམས་བཞག་ཡོད་ཅེས་བཤད་པ་རེད།
     དེའི་ཐད་ཚེས་11ཉིན་གྱི་དགོང་མོ་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་བཙུགས་པའི་སྲིད་གཞུང་གི་མངའ་ཁོངས་བྱེད་སྒོ་མཐུན་སྦྱོར་ཁྲུའུ་ཅ་ཧྲ་ལས་དོན་གྱི་འགན་འཁུར་བ་མོ་ཤིས·ཐའེ་ཐེ་ལུའོ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གསལ་བསྒྲགས་སྤེལ་ནས། ཤིས་ཧྥ་སྨན་ཁང་དུ་མེ་མདའི་དོན་རྐྱེན་ཐོན་མེད་པ་དང་དབྱི་སི་རལ་གྱི་དམག་དཔུང་གིས་ཀྱང་སྨན་ཁང་དེར་སྐོར་རྒོལ་བྱས་མེད་པས“སྨན་ཁང་ཤར་ཁུལ་སྔར་བཞིན་སྒོ་ཕྱེ་ཡོད”ཅེས་བཤད་པ་རེད།