འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་ལས་མ་བྱས་ན་ཨ་ཀྲུང་རྒྱལ་ཁབ་གཉིས་ཀར་གྲུབ་འབྲས་ཐོབ་ཐབས་མེད།

—— ཨ་རིའི་གྲགས་ཅན་དཔལ་འབྱོར་རིག་པ་མཁས་ཅན་ས་ཁེ་སིར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་14ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུང་མའོ་ལིང་དང་ཧུའུ་ཡིའུ་སུང་།
     ཉིན་ཤས་གོང་ཨ་རིའི་གྲགས་ཅན་དཔལ་འབྱོར་རིག་པ་མཁས་ཅན་ཁོ་ལོམ་པི་ཡ་སློབ་ཆེན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཅེ་ཕུའུ་ལི·ས་ཁེ་སི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བརྙན་ལམ་བཅར་འདྲི་དང་ལེན་བྱེད་སྐབས། ཉེ་ཆར་ཨ་ཀྲུང་ཕྱོགས་གཉིས་པོའི་འབྲེལ་བ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད། ཨ་རི་སྲིད་གཞུང་གིས་ནོར་འཁྲུལ་གྱི་སྲོལ་ལམ་ནས་བྲལ་ཏེ་ཀྲུང་གོ་དང་རྒྱུན་གཏན་གྱི་ཕྱི་འབྲེལ་སྤེལ་རེས་བྱེད་པར་དངོས་འབྲེལ་གཞོལ་རྒྱུའི་རེ་བ་ཡོད་ཅེས་བརྗོད། ཁོང་གིས་ཨ་ཀྲུང་མཉམ་ལས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། མཉམ་ལས་མ་བྱས་ན་རྒྱལ་ཁབ་གཉིས་པོར་གྲུབ་འབྲས་ཐོབ་ཐབས་མེད་ཅེས་བརྗོད་པ་རེད།
     ས་ཁེ་སི་ཡིས“ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གསུམ་གྱི་ཐོག་ནས་ཨ་ཀྲུང་འབྲེལ་བ་ཐག་གཅོད་བྱེད་པའི་ཐད་རང་ཉིད་མོས་མཐུན་ཆེན་པོ་ཡོད། ཨ་ཀྲུང་གིས་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་པ་བསྐྲུན་རྒྱུ་ནི་ཡང་དག་པ་མ་ཟད་མངོན་འགྱུར་ཐུབ་པ་ཞིག་རེད”ཅེས་བརྗོད་པ་རེད།
     ས་ཁེ་སི་ཡིས་དུས་ཡུན་རིང་པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་དམིགས་བསལ་བློ་འདྲི་བའི་འགན་འཁུར་མྱོང་བ་དང་མིག་སྔར་ཁོང་ནི་མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཐག་གཅོད་ཇུས་གཞིའི་དྲ་རྒྱའི་འགན་འཁུར་བ་ཞིག་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་བློ་འདྲི་བའང་རེད། ཁོང་གིས་ཨ་ཀྲུང་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ས་འབྲེལ་ཆབ་སྲིད་ཀྱི་ཉམས་ཉེན་སེལ་བ་དང་། འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། ཨ་ཀྲུང་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་འབད་བརྩོན་ལ་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་དབུལ་ཕོངས་ཀྱི་གནད་དོན་སེལ་བ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་སོགས་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
     ས་ཁེ་སི་ཡིས་ཀྲུང་གོ་ནི་གསོན་ཤུགས་ཆེན་པོ་ལྡན་པའི་དཔལ་འབྱོར་དངོས་ཚན་ཞིག་ཡིན་པ་དང་གསར་གཏོད་རང་བཞིན་ཆེན་པོ་ལྡན་ཡོད། འོད་ཤུགས་གློག་གཏོང་དང་། རླུང་ཤུགས་སྒྲོ་གཤོག་འཕྲུལ་འཁོར། ཐཱན་མེད་གློག་རྫས། གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་སུ་ཀྲུང་གོར་འགྲན་རྩོད་ནུས་པ་ཆེན་པོ་ཡོད། ཐོན་རྫས་དང་ཞབས་ཞུ་དེ་དག་ནི་དེང་སྐབས་འཛམ་གླིང་ལ་ཤིན་ཏུ་མཁོ་བ་ཞིག་རེད་ཅེས་བརྗོད་པ་རེད།
     ས་ཁེ་སི་ཡིས་ཀྲུང་གོའི་དཔལ་འབྱོར་ལ་གྲུབ་འབྲས་ཐོབ་པ་དེས་ཨ་རི་དང་འཛམ་གླིང་ལ་ཕན་པ་ཆེན་པོ་ཡོད། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་གནད་དོན་ལ་ལེགས་སྐྱེས་ཆེན་པོ་འབུལ་ཐུབ། གང་ལགས་ཤེ་ན། ཀྲུང་གོར་ལྗང་མདོག་གི་འགག་རྩའི་ལག་རྩལ་མང་པོ་ཡོད་པ་དང་ལག་རྩལ་དེ་དག་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ངེས་པར་དུ་མཁོ་བ་ཞིག་རེད། ཀྲུང་གོས་ད་དུང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་འཇོག་ཐུབ་ཅེས་བརྗོད་པ་རེད། 
     (ལྷག་པ་ཚེ་རིང་གིས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)