འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཧྥེའི་གྲངས་འཛིན་དཔལ་འབྱོར་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁའི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་14ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། 
     ཉེ་ལམ་ལོ་ཤས་རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་འོག་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གྲངས་འཛིན་གྱི་ཧེ་བག་ཆུང་དུ་གཏོང་རོགས་ཧུར་ཐག་བྱས་ཏེ་དྲ་སྦྲེལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་དྲ་ཐོག་ཚོང་དོན་བཀོལ་སྤྱོད་དང་ཤེས་ལྡན་པ་གསོ་སྐྱོང་བར་དང་། དེ་བཞིན་སྒུལ་བདེའི་གཏོང་སྤྲོད་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སོགས་བར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གྲངས་འཛིན་དཔལ་འབྱོར་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ནས་ཨ་ཧྥེ་རི་ཁར་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཡོང་བར་རམ་འདེགས་ཐུབ་པ་དང་ས་གནས་དེ་གའི་རྒྱ་ཆེའི་དམངས་ཚོགས་ལ་ཕན་པ་ཐོབ་ཡོད།
     གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རམ་འདེགས་བྱས་པ།
     ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གཉེར་ཚུན། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཕྲིན་གཏོང་དྲ་ལམ་གཙོ་བོ་སྤྱི་ལེ་ཁྲི་15ཙམ་མང་དུ་གཏོང་བ་དང་རིམ་པ་སྤོར་རོགས་བྱས་པ་དང་། དྲ་རྒྱའི་ཞབས་ཞུ་ཁྱབ་ཚད་སྤྱོད་མཁན་དུང་ཕྱུར་7ཙམ་ཟིན་ཡོད།
     ན་ནིང་ཟླ་8པར“ཨ་ཧྥེ་རི་ཁའི་ཡང་རྩེ”ཞེས་འབོད་པའི་རི་བོ་ཆི་ལི་མ་ཀྲ་ལོའི་ས་བབ་མཐོ་ཚད་སྨི་3795མན་གྱི་ངལ་གསོའི་སྒར་ས་ཁག་ཚང་མར་མྱུར་ཚད་མགྱོགས་པའི་དྲ་རྒྱ་ཁྲིད་པ་དང་འབྲེལ་སྐུད་མེད་དྲ་རྒྱ་ཁྱབ་ཡོད། ན་ནིང་ཟླ་12པར། ས་བབ་མཐོ་ཚད་སྨི་5900ཙམ་ཟིན་པའི་རི་བོ་ཆི་ལི་མ་ཀྲ་ལོའི་རི་རྩེ་མཐོ་ཤོས་ཡིན་པའི“རང་དབང་རི་རྩེ”དང་ས་བབ་མཐོ་ཚད་སྨི་3795ཡན་ཟིན་པའི་ངལ་གསོའི་སྒར་སར་མྱུར་ཚད་མགྱོགས་པའི་དྲ་རྒྱ་ཐོག་མར་ཁྱབ་ཡོད།
     རི་བོ་ཆི་ལི་མ་ཀྲ་ལོའི་དྲ་རྒྱའི་སྒྲིག་བཀོད་དེ་ཐན་ཙན་ནི་ཡའི་གློག་འཕྲིན་ཀུང་སིས་སྐྲུན་འགན་ཁུར་བ་དང་ཧྭ་ཝེ་ཐན་ཙན་ནི་ཡ་ཀུང་སིས་འཕྲིན་གཏོང་སྒྲིག་ཆས་མང་ཆེ་བ་མཁོ་འདོན་བྱས་ཤིང་། ཐན་ཙན་ནི་ཡའི་ས་གནས་དེ་གའི་ལམ་ཁྲིད་པ་མུའུ་པི་ལི་ཉི་ཡིས“ད་ལྟ་ང་ཚོས་རི་འཛེག་ལམ་བར་དུ་གནམ་གཤིས་དང་ལམ་ཐིག་སྐོར་གྱི་ཆ་འཕྲིན་དུས་ཐོག་ཏུ་ཀློག་བཤེར་བྱེད་ཆོག་པས་ཡུལ་སྐོར་བའི་བདེ་འཇགས་ཚོར་སེམས་ཆེ་རུ་ཤུགས་ཆེན་ཕྱིན་སོང”ཞེས་བརྗོད།
     ཀྲུང་གོ་ཅང་ཤིས་རྒྱལ་སྤྱིའི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀུང་སི་པོ་ཚི་ཝ་ནའི་ཡན་ལག་ཀུང་སིས་སྐྲུན་འགན་ཁུར་བའི་པོ་ཚི་ཝ་ནའི་རྒྱལ་ཁབ་གྲངས་གཞི་ལྟེ་གནས་ཀྱི་རྣམ་གྲངས་དེ་རྒྱལ་ཁབ་དེའི་རྒྱལ་ས་ཀ་པོ་རོ་ནེ་ཚན་རྩལ་གླིང་དུ་ཆགས་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་གོང་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་རྒྱུ་རེད།
     “གྲངས་གཞི་ལྟེ་གནས་དེས་པོ་ཚི་ཝ་ནའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་སྐྱེ་ཁམས་མ་ལག་ལ་འགྱུར་ལྡོག་གཏོང་བར་ང་ཚོ་ཡིད་ཆེས་ཡོད”ཅེས་པོ་ཚི་ཝ་ནའི་འོད་སྐུད་དྲ་རྒྱ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་སེ་ཀེ་ལེས་བརྗོད།
     དྲ་ཐོག་ཚོང་དོན་ལ་ཕན་པའི་ཉམས་མྱོང་མཁོ་འདོན་བྱས་པ།
     ཁེན་ནི་ཡར་ཚོང་ལས་གཉེར་ནས་ལོ་མང་སོང་བའི་ཧུའུ་ནན་ཁྲང་ཧྲ་ཡི་ཧྥེ་ཐོ་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིའི་གཤམ་འོག་དྲ་ཐོག་ཚོང་དོན་ལས་སྟེགས་Kilimallདེ་ཨ་ཧྥེ་རི་ཁའི་དམངས་ཚོགས་ཀྱིས་དགའ་པོ་བྱེད་པའི་ཅ་དངོས་ཉོ་སྒྲུབ་དྲ་ཚིགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། མིག་སྔའི་བར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་དང་མི་སྒེར་8000ལྷག་ཙམ་གྱིས་དྲ་ཐོག་ཚོང་དོན་ལས་སྟེགས་དེར་ལས་གཏོད་བྱས་ནས་ཚོང་ཁང་ཁྲི་1.2ལྷག་ཙམ་བཙུགས་ཏེ་ཚོང་ཟོག་ཁྲི་100ཙམ་བཙོངས་ཡོད། “དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གིས་ཨ་ཧྥེ་རི་ཁར་དཔེ་ལྟ་ས་ཡག་པོ་མཁོ་འདོན་བྱས་ཡོད” ཅེས་དྲ་ཐོག་ཚོང་དོན་ལས་སྟེགས་དེའི་ས་གནས་དེ་གའི་བྲིན་འཚོང་དོ་དམ་པ་གཙོ་བོ་ཨེན་ཀན་ཅས་བརྗོད།
     ཨ་ཧྥེ་རི་ཁའི་དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ནི་མིག་སྔར་ཀྲུང་ཧྥེའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་རེད། ཀྲུང་གོ་ཚོང་འགུགས་ཅུས་ཚོགས་པས་ཅི་པོའུ་ཐི་སྲིད་གཞུང་དང་མཉམ་ལས་མ་འཇོག་གསར་སྤེལ་བྱས་པའི་ཨ་ཧྥེ་རི་ཁའི་གཞོན་ནུའི་གསར་གཏོད་ལས་གཏོད་ལྟེ་གནས་ནི་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་སྤྱིའི་དམིགས་བསལ་ཚོང་དོན་ཁུལ་གྱི་སྣེ་ཁྲིད་རྣམ་གྲངས་ཞིག་རེད། “གྲངས་འཛིན་གསར་གཏོད་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན”གྱི་སྦྱོང་བརྡར་སྒར་ས་ཐོག་མ་དེ་ན་ནིང་ཟླ་9པར་དངོས་སུ་སློབ་འགོ་ཚུགས་ཤིང་། སློབ་མ་པཱར་པ་ཏེས། སྦྱོང་བརྡར་སྒར་སར་བཙུགས་པའི་དྲ་ཐོག་ཚོང་དོན་སློབ་ཚན“ཧ་ཅང་ཡག་པོ་འདུག གོ་ཆོད་ལ་ཕན་འབྲས་ཆེན་པོ་འདུག”པས་རང་ཉིད་ཀྱི་ལས་གཏོད་ལམ་བུར་རྨང་གཞི་བརྟན་པོ་བཏིང་སོང་ཞེས་བརྗོད།
     གྲངས་འཛིན་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་བ།
     རིག་ནུས་ལག་ཐོགས་ཁ་པར་རྒྱུན་ཆད་མེད་པར་ཁྱབ་གདལ་བཏང་བ་དང་ཆབས་ཅིག་ཨ་ཧྥེ་རི་ཁའི་སྒུལ་བདེའི་དྲ་སྦྲེལ་ལས་སྒོ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་གྲངས་འཛིན་ལག་རྩལ་དང་གསར་གཏོད་ཉམས་མྱོང་ཨ་ཧྥེ་རི་ཁར་སྤྱད་དེ་ས་གནས་དེ་གའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་ཡོད།
     2018ལོར་པེ་ཅིང་ཁུན་ལུན་དབན་ཝེ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་གཤམ་འོག་ཆ་འཕྲིན་ལས་སྟེགས་Operaཡིས་ནི་ཀྲེ་རི་ཡའི་ཡུལ་དེ་གའི་དངུལ་རྩའི་ཞབས་ཞུའི་ཁེ་ལས་ཤིག་བསྡུ་ཉོ་བྱས་རྗེས་OPayསྐྱོང་གསོ་བྱས་ཡོད། ད་ཆ་OPayནི་ཀྲེ་རི་ཡའི་སྒུལ་བདེའི་གཏོང་སྤྲོད་ལས་སྟེགས་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ནི་ཀྲེ་རི་ཡའི་རྒྱལ་ས་ཨ་པུ་ཅའི་གྲོང་མི་ཧྲུའུ་ཁུའུ་ཝེ་མེ་ཁཱ་ཡིས་དེ་སྔོན་དངུལ་ཁང་དུ་ག་དུས་ཕྱིན་མིན་དྲན་གྱི་མེད། ཁོ་བོས“ད་ཆ་ངས་OPayགློག་རྡུལ་དངུལ་ཁུག་བརྒྱུད་རྩིས་ཁྲ་སྒྱུར་བ་དང་། གྲོན་དངུལ་འཇལ་བ། དངུལ་སྤྲོད་པ་བཅས་བྱེད་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བརྗོད། ཀྲུང་གོའི་ཁེ་ལས་ཞུགས་ནས་མ་དངུལ་བཏང་བའི་མངག་སྐྱེལ་ཀུང་སི་beU deLiveryཡིས་ཚད་ལྡན་ཅན་གྱི་གོ་རིམ་དང་བྱང་ཆུབ་པའི་ཞབས་ཞུའི་མ་ལག་ལ་བརྟེན་ནས་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་མངགས་སྐྱེལ་ཁྲོམ་ར་བཟུང་ཚད་60%ལྷག་ཙམ་ཟིན་ཡོད།
     “ཨ་ཧྥེ་རི་ཁར་གྲངས་འཛིན་དཔལ་འབྱོར་ཁྲོམ་རའི་མདུན་ལམ་ཆེན་པོ་ཡོད། ཀྲུང་གོས་རོགས་རམ་བྱས་པ་བརྒྱུད་ཨ་ཧྥེ་རི་ཁས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་རྒྱུའི་ཡིད་ཆེས་ཡོད”ཅེས་ཨེ་ཏི་སི་ཨ་པ་པ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་པེར་ཧུའུ་ཐེ་སི་ཧྥ་ཡིས་བརྗོད་པ་རེད།
     (པ་ཚེས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)