འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྨན་ཁང་འདིར་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་13ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩ་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས། དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ས་ཁུལ་འགན་འཁུར་བས་ཚེས་12ཉིན་མཉམ་འབྲེལ་ཐོག་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་བྱ་སྤྱོད་སྤེལ་ནས། ཅ་ཧྲ་སྨན་ཁང་ལ་རྒྱུན་མཐུད་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་རེད། 
     མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩ་ལྷན་ཚོགས་ཨ་རབ་རྒྱལ་ཁབ་ས་ཁུལ་གྱི་ཀྲུའུ་རེན་ལའེ་ལ་·པེ་ཁེ་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་གྱི་ཀྲུའུ་རེན་ཨ་ཏི་ལེ་·ཧུའུ་ཏུར་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཤར་དབུས་རྒྱ་མཚོ་ཁུལ་གྱི་ཀྲུའུ་རེན་ཨའེ་ཧ་མའེ་ཏེ་མན་ཏ་ལི་ཡིས་ཚེས་12ཉིན་མཉམ་འབྲེལ་ཐོག་གསལ་བསྒྲགས་སྤེལ་ནས། ཅ་ཧྲ་གྲོང་ཁྱེར་དང་ཅ་ཧྲ་བྱང་རྒྱུད་ཀྱི་ཞི་ཧྥ་སྨན་ཁང་དང་། ལན་ཐི་ཞི་བྱིས་པའི་སྨན་ཁང་། ཧྲིན་ཁྲིན་སྨན་ཁང་དང་དེའི་ཉེ་འགྲམ་ས་ཁུལ་དུ་འཇབ་རྒོལ་བྱུང་སྟེ་བྱིས་པ་ཚུད་པའི་མི་མང་པོ་ཤི་བ་དང་། ཅ་ཧྲ་བྱང་རྒྱུད་ཀྱི་སྨན་ཁང་འགའི་མཐའ་འཁོར་གྱི་ཛ་དྲག་ཆེ་བའི་གདོང་གཏུག་ཁྲོད་སྨན་བཅོས་མི་སྣ་དང་རྨས་མ། ནད་པ་གཞན་དག་བཅས་ཀྱི་བདེ་འཇགས་བགྲོད་ལམ་བཀག་འགོག་བྱུང་ཡོད་ཅེས་བཤད། 
     གསལ་བསྒྲགས་ནང་འཁོད་དོན། ཅཱ་ཧྲ་ས་ཁུལ་གྱི་སྨན་ཁང་ཕྱེད་ཀ་ཡན་སྒོ་བརྒྱབ་འདུག སྔར་བཞིན་འཁོར་སྐྱོད་བྱེད་བཞིན་པའི་སྨན་ཁང་གིས་ཧ་ཅང་ཚད་ཡོད་ཀྱི་ཛ་དྲག་ཆེ་བའི་ཞབས་ཞུ་དང་། སྲོག་སྐྱོབ་གཤགས་བཅོས། ནད་ལྕིའི་ལྟ་སྐྱོང་ཞབས་ཞུ་བཅས་མ་གཏོགས་མཁོ་འདོན་བྱེད་མི་ཐུབ། སྨན་ཁང་དང་དེའི་ཉེ་འཁོར་ས་ཁུལ་དུ་ཉེན་གཡོལ་བཞིན་པའི་མི་སྟོང་ཕྲག་ཁ་ཤས་ལ་ཆུ་དང་། ཟས་རིགས། སྤོར་རྫས་བཅས་དཀོན་པོ་རེད། གསལ་བསྒྲགས་ནང་ནན་བཤད་བྱས་དོན། ད་ལྟ་ངེས་པར་དུ་རྒྱལ་སྤྱིའི་བྱ་སྤྱོད་སྤེལ་ནས་འཕྲལ་མར་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་འགན་ལེན་ཏན་ཏིག་དང་། ཚེ་སྲོག་སྐྱོབ་པ་མ་ཟད་ཅ་ཧྲ་ས་ཁུལ་གྱི་སྨན་བཅོས་མ་ལག་ལ་གྱོང་གུན་ཆེས་ཆེར་མི་ཕོག་པར་བྱ་དགོས། 
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཁོ་འདོན་བྱས་པའི་གཞི་གྲངས་ལ་གཞིགས་ན། ཟླ་10ཚེས་7ཉིན་ནས་ཟླ་11ཚེས་12ཉིན་བར། ཅ་ཧྲ་ས་ཁུལ་དུ་ཉུང་མཐར་ཡང་སྨན་བཅོས་སྒྲིག་བཀོད་ལ་དམིགས་པའི་འཇབ་རྒོལ་ཐེངས་137ཐོན་ནས་མི་521ཤི་བ་དང་མི་686ལ་རྨས་སྐྱོན་ཕོག དེའི་ནང་སྨན་བཅོས་འཕྲོད་བསྟེན་མི་སྣ་16ཤི་བ་དང་སྨན་བཅོས་འཕྲོད་བསྟེན་མི་སྣ་38ལ་རྨས་སྐྱོན་ཕོག་པ་ཚུད་ཡོད།