འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱང་ཆིངས་ཀྱིས་མུ་མཐུད་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་13ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐུའོ་ཨེར་ཐེང་པེ་ཀེ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་10ཉིན། གལ་ཏེ་ཨུ་ཡུག་གདོང་གཏུག་ཁྲོད་ཨུ་རུ་སུར་རྒྱལ་ཁ་ཐོབ་ན་བྱང་ཆིངས་རྩ་འཛུགས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པས། བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་ནས་ཡུག་རེན་ལ་དམག་དོན་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བཤད།
     སི་ཐུའོ་ཨེར་ཐེང་པེ་ཀེ་ཡིས་གོང་གི་གཏམ་བརྗོད་སྤེལ་བའི་སྐབས་སུ། ཨ་རིའི་ཟུར་ལྔའི་ཐོག་ཁང་ཆེན་མོས། ཨ་རིའི་རྒྱལ་ཚོགས་ཀྱིས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་ལ་ཆོག་མཆན་འགོད་སྐབས་འཕེལ་མེད་སོར་གནས་སུ་ལུས་པས། ཨ་རིས་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་ཚད་ཇེ་ཆུང་དུ་མི་གཏོང་ཐབས་མེད་རེད་ཟེར། དེའི་ཐད་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཨ་རིའི་རོགས་སྐྱོར་མེད་ནའང་ཅི་ཧྥུ་ཡིས་མུ་མཐུད་ནས་འཐབ་འཛིང་བྱེད་ཀྱི་ཡིན་ཞེས་བཤད།
     ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་བྱུང་ཚུན། ཨ་རི་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཡུག་རེན་ལ་མཚོན་ཆ་དང་གསང་འཕྲིན་སོགས་དམག་དོན་གྱི་རྒྱབ་སྐྱོར་རྒྱུན་ཆད་མེད་པར་མཁོ་འདོན་བྱས་ཡོད། དེའི་ཐད་ཨུ་རུ་སུ་ཕྱོགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བྱ་སྤྱོད་ནི་“མེ་ཐོག་སྣུམ་བླུགས་པ་”རེད་ཅེས་སྐྱོན་འཛུགས་ཐེངས་མང་བྱས་ཤིང་། དེའི་དམིགས་ཡུལ་ནི་ཡུག་རེན་བེད་སྤྱད་དེ་“ཨུ་རུ་སུའི་དམག་དོན་བཟོ་ལས་ཀྱི་སྟོབས་ཤུགས་ཟད་ཚར་དུ་འཇུག་རྒྱུ་”ཡིན་པས་གདོང་གཏུག་ཛ་དྲག་ཏུ་འགྲོ་སྲིད་པ་མ་ཟད། “སྔོན་དཔག་བྱེད་ཐབས་བྲལ་བའི་མཇུག་འབྲས་ཀྱང་ཐོན་སྲིད་”པ་བཤད།