འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུག་རེན་གྱི་གནད་དོན་འདིའི་ཐད་ཛ་དྲག་ངང་གྲོས་ཞིབ་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་10ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀེང་ཧྲོང་གིས་ཚེས་8ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་ཡུག་རེན་གྱི་གནད་དོན་ལ་ཛ་དྲག་ངང་གྲོས་ཞིབ་གནང་སྐབས། ཕྱོགས་ཁག་གིས་འགལ་བ་ཛ་དྲག་ཏུ་མི་འགྲོ་བར་བྱས་ནས། ཞི་བདེ་མངོན་འགྱུར་ཡོང་ཆེད་ཁོར་ཡུག་དགེ་མཚན་ལྡན་པ་བསྐྲུན་དགོས་པའི་འབོད་སྐུལ་བྱས་པ་རེད།
     ཀེང་ཧྲོང་གིས། མཚོན་ཆར་བརྟེན་ན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྲིད་ཀྱང་ཞི་བདེ་ཡོང་མི་སྲིད། མཚོན་ཆ་འབོར་ཆེན་ཞིག་མུ་མཐུད་གཡུལ་སར་འབྱོར་ནས་ཡུག་རེན་གྱི་ཉམས་ཉེན་ཆེ་རུ་ཕྱིན་ཏེ། ཉེས་མེད་མང་ཚོགས་དེ་བས་མང་བར་དམག་འཁྲུག་གི་སྡུག་བསྔལ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་ལྷག་པར་དུ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཀྱིས་དགེ་མཚན་ལྡན་པའི་ནུས་པ་ངོ་མ་འདོན་སྤེལ་བྱས་ནས། འགྲན་རྒོལ་ཇེ་དྲག་ཏུ་མི་གཏོང་བ་དང་། དམག་འཁྲུག་གི་མེ་ལྕེ་ཇེ་རིང་དུ་མི་གཏོང་བ། འགལ་བ་ཛ་དྲག་ཏུ་མི་གཏོང་བ་བཅས་བྱས་ཏེ། ཞི་བདེ་མངོན་འགྱུར་ཡོང་བར་ཁོར་ཡུག་དགེ་མཚན་ལྡན་པ་བསྐྲུན་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། 
     ཁོང་གིས་བཤད་དོན། ཏུན་ཉེ་ཚི་ཁེ་ས་ཁུལ་ལ་ཁ་སང་འཕུར་མདའི་འཇབ་རྒོལ་བྱུང་སྟེ། གྲོང་ཁྱེར་གྱི་སྲིད་གཞུང་དང་དེ་བཞིན་དམངས་སྤྱོད་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་བཟོས་པ་དང་། མི་སེར་བཅུ་གྲངས་ཤི་རྨས་བྱུང་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་ནི་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་མ་མཐའི་མཚམས་ཐིག་ཡིན་པས། དམངས་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་དེ་དམག་དོན་གྱི་དམིགས་ཡུལ་དུ་འགྱུར་མི་རུང་། ཡུག་རེན་གྱི་གནད་དོན་དང་ཡང་ན་གནད་དོན་གཞན་དག་གི་ཐད་ཀྲུང་གོ་ཕྱོགས་ཀྱིས་མི་སེར་ལ་དམིགས་པའི་གཏུམ་སྤྱོད་དང་འཇབ་རྒོལ་མཐའ་དག་ལ་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གདོང་ཐུག་གི་དོ་བདག་ཕྱོགས་ལ་བབ་བརླིང་དང་གཅུན་འདོམས་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་བྱས་ཏེ། མི་སེར་དང་འགག་རྩའི་དམངས་སྤྱོད་སྒྲིག་བཀོད་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བསྐྱར་མ་བྱ་རྒྱུ་ཡིན།
     ཀེང་ཧྲོང་གིས། ཡུག་རེན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན། ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཕྱོགས་སུ་ལངས་པ་དང་། སྐད་ཆ་ཤོད་རེས་ཀྱི་ཕྱོགས་སུ་ལངས་ཡོད། འདུམ་འགྲིག་ལ་སྐུལ་འདེད་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་བཞིན་པ་བསྐྱར་བསྒྲགས་བྱས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་ཚ་དགོས་གཏུག་གི་འདུ་ཤེས་སྔར་ལས་ཆེ་བ་བཅངས་ནས་ཕྱི་འབྲེལ་གྱི་འབད་བརྩོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེའི་འབོད་སྒྲར་ཨ་ལན་སློག་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་གང་མགྱོགས་དམག་མཚམས་འཇོག་པ་དང་ཞི་བདེ་སླར་གསོ་བྱེད་དགོས།