འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་པ།

——རང་རྒྱལ་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་09ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དྲ་རྒྱར་རྒྱལ་མཚམས་མེད། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་ཆབས་ཅིག དྲ་སྦྲེལ་ལས་འཛམ་གླིང་འདི་ཉིད“སའི་གོ་ལ་གྲོང་ཚོར”གྱུར་ནས་རྒྱལ་ཁབ་ཁག་གིས་དྲ་རྒྱའི་བར་མཐོངས་སུ་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་རང་རྒྱལ་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས། དྲ་རྒྱའི་བར་མཐོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཀྱི་རྩེར་སོན་ལས་སྟེགས་བསྐྲུན་ཏེ་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མགྱོགས་མྱུར་བཏོད་ནས་དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་ཡོད།
     གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་དང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ།
     མི་ཐབས་རིག་ནུས་ནི་མིའི་རིགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་ཞིག་ཡིན་ཞིང་། དེ་ལས་གོ་སྐབས་གལ་ཆེན་ཐོབ་རྒྱུ་ཡིན་ལ། སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་ཡང་འཕྲད་སྲིད། འདི་ལོའི་ཟླ་10པར་ཀྲུང་གོས《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》བཏོན་ནས་མི་ཐབས་རིག་ནུས་འཕེལ་རྒྱས་དང་། བདེ་འཇགས། བཅོས་སྐྱོང་བཅས་ཕྱོགས་གསུམ་ལ་དམིགས་ཏེ་མི་ཐབས་རིག་ནུས་བཅོས་སྐྱོང་གི་ཀྲུང་གོའི་ཇུས་གཞིར་རྒྱས་བཤད་ཞིབ་ཕྲ་བརྒྱབ་པ་རེད།
     དུས་རབས་གསར་པ་ཤར་ཚུན། ཀྲུང་གོས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་གི་ལམ་སྲོལ་ནང་ཧུར་ཐག་ཞུགས་ནས་གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་དྲ་སྦྲེལ་གྱི་ཀུན་ཕན་དང་བསྟུན་མཁས། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་བས། དྲ་རྒྱའི་བར་མཐོངས་ཐད་ཀྱི་རང་རྒྱལ་གྱི་རྒྱལ་སྤྱིར་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ནས་ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་འདོད་ཚུལ། ཀྲུང་གོའི་ཇུས་གཞི་བཅས་ལ་ཁས་ལེན་དང་རྒྱབ་སྐྱོར་དེ་བས་མང་བ་ཐོབ་ཡོད།
     གོ་ལ་ཧྲིལ་པོའི་དྲ་སྦྲེལ་མཉམ་སྤྱོད་དང་མཉམ་བཅོས་ཀྱི་ལས་སྟེགས་བསྐྲུན་པ།
     2014ལོ་ནས་བཟུང་། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་འདི་གར་ལོ་9བསྟུད་མར་འཚོགས་པ་དང་ཚོགས་ཞུགས་སྐུ་མགྲོན་མི་ཐེངས་ཁྲི་གཅིག་དང་ཉིས་སྟོང་ཙམ་ཟིན་ནས་རྒྱལ་ཁབ་དང་ས་ཁུལ་172ལ་ཁྱབ་པ་མ་ཟད། ཕྱོགས་ཁག་གི་བློ་གྲོས་ཀྱི་ཐུན་མོང་ངོས་འཛིན་ཟམ་མི་ཆད་པར་གཅིག་ཏུ་འགྲིལ་བ་དང་གྲངས་འཛིན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ཡོད། 《དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད》ཅེས་པའི་ཐ་སྙད་ཀྱི་ཡིག་ཆ་དང་། 《དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པའི་བྱ་སྤྱོད་ཀྱི་གྲོས་འགོ》དང《དྲ་རྒྱའི་བདག་དབང་། རིགས་པའི་གཞུང་ལུགས་དང་ལག་ལེན》སོགས་གྲུབ་འབྲས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ནས། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདོད་ཚུལ་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད། གཞན་ཡང་། “རྩ་དོན་བཞི”དང་། “འདོད་ཚུལ་ལྔ” “ཐུན་མོང་བཞི”སོགས་ཀྲུང་གོའི་བློ་གྲོས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་རྒྱ་ཁྱབ་ཐོབ་ཡོད།
     2022ལོའི་ཟླ་7ཚེས་12ཉིན་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དེ་ཐོག་ནས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་དེ་དྲ་སྦྲེལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚོགས་འདུ་གཟབ་རྒྱས་ནས་རྒྱལ་སྤྱིའི་རྩ་འཛུགས་སུ་འཕེལ་རྒྱས་ཕྱིན་པ་མཚོན་ཡོད།
     ཀྲུང་གོ་ནས་དར་ཞིང་འཛམ་གླིང་ལ་དབང་བའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་རྒྱལ་སྤྱིའི་རྩ་འཛུགས་ལ་མིག་སྔར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་24ནས་ཡོང་བའི་ཚོགས་མི་120ལྷག་ཙམ་ཡོད་ཅིང་། དེ་དག་གིས་ཀྲུང་གོ་དང་འཛམ་གླིང་གི་མཉམ་སྦྲེལ་མཉམ་མཐུད་དང་རྒྱལ་སྤྱིའི་དྲ་སྦྲེལ་གྱི་མཉམ་སྤྱོད་དང་མཉམ་བཅོས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།
     གྲངས་འཛིན་གྱི་སྒུལ་ནུས་གསར་པར་བརྟེན་ནས་འཕེལ་རྒྱས་གསར་པར་སྐུལ་འདེད་བཏང་བ།
     ཀྲེ་ཅང་གི་ཧང་ཀྲོའུ་འབྱུང་འགྱུར་ཚན་རྩལ་གྲོང་གི་མི་ཐབས་རིག་ནུས་གྲོང་རྡལ་ཆུང་ངུར་ལས་བྲེལ་གྱི་རྣམ་པས་ཁེངས་ཤིང་། གསོན་ཤུགས་ཀྱིས་ཕྱུག་པའི་དེ་གའི་ལས་གཏོད་ཀྱི་རྣམ་པས་སྔོན་ཐོན་ཁྱབ་ཁོངས་ཀྱི་ཚན་རྩལ་ཁེ་ལས་མི་ཉུང་བ་དེར་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། གྲངས་འཛིན་ཅན་ཁེ་ལས་དེ་དག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད།
     ཧང་ཀྲོའུ་འབྱུང་འགྱུར་ཚན་རྩལ་གྲོང་ནི་ཀྲེ་ཅང་ཞིང་ཆེན་གྱིས་གྲངས་འཛིན་དཔལ་འབྱོར་གསར་གཏོད་དང་སྤུས་ཚད་མཐོ་རུ་གཏོང་བའི“འཕེལ་རྒྱས་ཀྱི་འདུ་འགོད་ཨང་དང་པོ”ལག་བསྟར་ཤུགས་ཆེན་བྱས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། 2022ལོར་ཀྲེ་ཅང་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་འཕར་ཐང་གིས་GDPབསྡུར་གྲངས་ཀྱི་11.6%ཟིན་ནས་གྲངས་འཛིན་དཔལ་འབྱོར་གྱིས་ཀྲེ་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
     ཟླ་11ཚེས་8ཉིན“བསྟུན་མཁས་དང་། ཀུན་ཕན། མཉེན་ཤུགས་ལྡན་པ་བཅས་ཀྱི་གྲངས་འཛིན་འཛམ་གླིང་བསྐྲུན་བ་སྟེ། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2023ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཀྲེ་ཅང་གི་ཝུའུ་ཀྲེན་དུ་འཚོགས་ཤིང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་གྲོང་རྡལ་ཆུང་ངུ་དེ་སླར་ཡང་གོ་ལ་ཧྲིལ་པོས་དོ་ཁུར་བྱེད་སར་གྱུར་པ་རེད།
     སྐབས་འདིའི་དབུ་ཚོགས་ཐོག“དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པའི་རྩེར་སོན་དཔེ་མཚོན”ཡོངས་བསྒྲགས་འགྲེམས་སྟོན་དང་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་སྔོན་ཐོན་ཚན་རྩལ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་མ་ཟད། ད་དུང་ལོ་བཅུའི་དྲན་གསོའི་མཚན་སྙན་ཐེངས་དང་པོར་སྤྲོད་པ་དང“གོ་ལ་ཧྲིལ་པོའི་གཞོན་ནུ་སྣེ་ཁྲིད་པའི་འཆར་གཞི”བཀོད་དེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་གྲངས་འཛིན་མཉམ་ལས་དང་། གྲངས་འཛིན་ཅན་དང་ལྗང་མདོག་ཅན་མཐུན་སྦྱོར་གཞན་སྒྱུར། གཞོན་ནུ་དང་གྲངས་འཛིན་གྱི་འབྱུང་འགྱུར་སོགས་གྲོས་གཞིར་དམིགས་ནས་ཡན་ལག་གླེང་སྟེགས་20གཉེར་ཏེ་བསམ་བློ་དང་ལྟ་ཚུལ་མི་འདྲ་བ་བརྗེ་རེས་ཁྲོད་མཛེས་སྡུག་ལྡན་པའི་གྲངས་འཛིན་གྱི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུ་རེད།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)
     (སྐལ་མཆོག་གིས་བསྒྱུར། བདེ་དབང་གིས་ཞུས)