འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཏན་འབེབས་འདི་དང་གཏན་ནས་འགལ་མི་རུང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་08ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་6ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཀེང་ཧྲོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨུ་ཡོན་ལྷན་ཁང་བཞི་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་དབུས་མཚོ་རྒྱུད་ཁུལ་གྱི་ཕ་ལེ་སི་ཐན་གྱི་ཡུལ་གྱར་བ་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ལས་དོན་ལ་གྲོས་ཞིབ་གནང་སྐབས་གཏམ་བཤད་གནང་ནས། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་དམར་ཐིག་ལ་ཕོག་ཐུག་གཏོང་མི་རུང་བའི་ནན་བཤད་གནང་བ་རེད། 
     ཀེང་ཧྲོང་གིས། ས་དབུས་མཚོ་རྒྱུད་ཁུལ་གྱི་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ནི་འགྲོ་ས་མེད་པའི་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ཁྲི་230ངོས་ནས་བརྗོད་ན་མཐའ་མའི་གནོད་འབྱོལ་ཁང་དང་སྲོག་རྩ་ཉག་གཅིག་རེད་ཅེས་དང་། མི་སེར་ལ་དམིགས་པའི་དྲག་ཤུགས་དང་འཇབ་རྒོལ་མཐའ་དག་ལ་ཀྲུང་གོ་ཕྱོགས་ནས་རྒོལ་གཏམ་གཏོང་རྒྱུ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱེད་སྟངས་མཐའ་དག་ལ་ངོ་རྒོལ་བྱ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་། མི་ཆོས། སྨན་བཅོས་ལས་བྱེད་མི་སྣ་བཅས་ཀྱི་བདེ་འཇགས་ངེས་པར་དུ་འགན་སྲུང་བྱ་དགོས། སྨན་ཁང་དང་། སློབ་གྲྭ དཀའ་ངལ་ཆེ་བའི་དམངས་གཉེར་སོགས་དམངས་སྤྱོད་སྒྲིག་བཀོད་ཚང་མ་དམག་དོན་བྱ་སྤྱོད་ཀྱི་དམིགས་འབེན་དུ་འགྱུར་བར་བྱེད་མི་རུང་།
     དབྱི་སི་རལ་གྱིས་བཀག་སྡོམ་མེད་པར་བཟོ་བ་དང་། ཛ་དྲག་ཆེ་བའི་ཁ་འགྲེམས་བཀའ་རྒྱ་ཕྱིར་འཐེན་བྱས་ཏེ། ཅ་ཧྲ་ས་ཁུལ་གྱི་ཆུ་དང་། གློག ཟས་རིགས། འབར་སྣུམ་བཅས་མཁོ་སྤྲོད་གང་མགྱོགས་སླར་གསོ་བྱ་དགོས་པ་དང་། ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་ཐུན་མོང་དུ་ཉེས་ཆད་གཅོད་མཚམས་འཇོག་དགོས་པ་ཀྲུང་གོ་ཕྱོགས་ནས་འབོད་སྐུལ་ཡང་བསྐྱར་བྱ་རྒྱུ་ཡིན།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་18དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་འགན་འཁུར་བས་སྤེལ་བའི་མཉམ་འབྲེལ་འབོད་སྐུལ་ལ་རྒྱབ་སྐྱོར་བྱས་ཏེ། འཕྲལ་མར་དམག་མཚམས་འཇོག་རྒྱུ་དེ་དམིགས་བྱ་ཐམས་ཅད་ལས་ལྷག་པའི་ཚད་དུ་འཛིན་རྒྱུར་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱོགས་ཁག་གིས་ཐུན་མོང་གི་ཁ་ཕྱོགས་དེའི་ཐོག་གཅིག་སྡུད་ཧུར་ཐག་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།