འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ང་རང་ཆེན་པོ་ཆགས་རྗེས་ཀྲུང་གོར་འགྲོ་འདོད་ཆེན་པོ་འདུག

—— པར་ཙིར་གྱི་ཀོ་ལུན་པུའུ་གྲོང་ཁྱེར་དང་ཀྲུང་གོའི་ཧེ་ཙེ་གྲོང་ཁྱེར་གྱིས་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་དམངས་ཁྲོད་མཛའ་གཅུགས་ཟབ་ཏུ་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་08ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “ང་དང་ང་རང་གི་ནང་མི་ཚང་མ་ཀྲུང་གོར་ཧ་ཅང་དགའ་པོ་ཡོད། ང་རང་ཆེན་པོ་ཆགས་རྗེས་ཀྲུང་གོར་ལྟ་ཙམ་བྱེད་པར་འགྲོ་འདོད་ཆེན་པོ་འདུག”ཅེས་ལོ་བདུན་ལ་སོན་པའི་ལེ་ཨན་ཉིས་བརྗོད་པ་དང་། ཁོ་མོས་ལག་ཏུ་ཁྱེར་བའི་ཀྲུང་གོའི་ཧེ་ཙེའི་ཤོག་དྲས་རི་མོ་ཡར་བཀྱགས་ཏེ་སློབ་གྲོགས་ཚོ་དང་མཉམ་དུ་མྱོང་རོལ་བྱས་པ་རེད།
     “མགྲོན་འབོད་སྣེ་ལེན་ལ་དགའ་བའི་ཧྲན་ཏུང་། ཐོན་རྫས་རྒྱུ་སྤུས་དག་པའི་ཧྲན་ཏུང”ཞེས་པའི་ངོ་སྦྱོར་ཚོགས་འདུ་ཉེ་ཆར་པ་ཙིར་ལྷོ་རྒྱུད་ཀྱི་པཱ་ལཱ་ནཱ་ཀྲོའུ་ཡི་ཀོ་ལུན་པུའུ་གྲོང་ཁྱེར་དུ་གཉེར་ཞིང་། ཧྲན་ཏུང་ཞིང་ཆེན་ཧེ་ཙེ་གྲོང་ཁྱེར་ནས་ཁྱེར་ཡོང་བའི་ཤིང་བརྐོས་མ་དང་། ཧྲན་ཏུང་གི་གོས་ཆེན་སོགས་ཁྱད་ལྡན་ཐོན་རྫས་ས་ཆ་དེ་གའི་སྲིད་གཞུང་ལས་ཁུངས་དང་། ཁེ་ལས། སློབ་གྲྭ་བཅས་སུ་འགྲེམས་སྟོན་བྱས་པ་རེད།
     ད་ཐེངས་ཀྱི་བྱེད་སྒོའི་ཐོག་ཡིད་དབང་འཕྲོག་ཤོས་ནི་བཟོ་དབྱིབས་སྣ་ཚོགས་ལ་ཐུན་མིན་ཁྱད་ཆོས་ལྡན་པའི་འབྲས་བཟོས་མི་བརྙན་དང་ཤིང་བརྐོས་མ་རེད། ཕྲུ་གུ་ཚོ་ཁྱད་ལྡན་ཐོན་རྫས་འདི་དག་གི་ཉེ་འཁོར་དུ་རུབ་ནས་བསྡད་དེ་རྒན་ལགས་ཀྱི་འགྲེལ་བཤད་ཉན་བཞིན་ཡོད།
     ཀོ་ལུན་པུའུ་གྲོང་ཁྱེར་བཟོ་ཚོང་ཡུལ་སྐོར་ངལ་རྩོལ་དྲུང་ཡིག་ཁྲུའུ་ཡི་ཡུལ་སྐོར་སྤྱི་ཁྱབ་ལྟ་ཞིབ་པ་ལོ་མུ་ཨར་ཏོ་ཡིས། ཧེ་ཙེ་ནི་མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཁྱེར་ཞིག་ཡིན་ཞིང་དེ་གར་ཕུན་སུམ་ཚོགས་པའི་ཡུལ་སྐོར་དང་རིག་གནས་ཀྱི་ཐོན་ཁུངས་ཡོད། ང་ཚོས་ཧེ་ཙེ་དང་འདྲ་བའི་མཉམ་ལས་རོགས་ཟླ་དང་འབྲེལ་བ་དམ་ཟབ་བཙུགས་ནས་མི་དེ་བས་མང་བར་དེའི་ཁྲོད་ནས་ཕན་པ་ཐོབ་པ་བྱེད་དགོས་ཞེས་བརྗོད་པ་རེད།
     ཀོ་ལུན་པུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧོར་ཏེ·ལ་ས་ལོ་ཐོ་ཡིས། ཧེ་ཙེའི་མཛེས་ལྗོངས་དང་གྲོང་ཁྱེར་ཅན་གྱི་འཕེལ་རྒྱས་ཆུ་ཚད་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ངས་དཔལ་འབྱོར་མཉམ་ལས་ཐད་ཕྱོགས་གཉིས་པོ་འཕེལ་རྒྱས་དེ་བས་མང་བ་ཡོང་བ་དང་འབྲེལ་རིག་གནས་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་འགྲོ་བའི་རེ་སྒུག་བྱེད་ཀྱི་ཡོད། པ་ཙིར་དང་ཀྲུང་གོའི་མཛའ་གྲོགས་སྤེལ་རེས་ཀྱིས་པ་ཙིར་གྱི་སློབ་ཕྲུག་ཚོར་ཀྲུང་གོའི་རིག་གནས་དང་སྐད་ཡིག་སྦྱོང་བའི་གོ་སྐབས་མཁོ་འདོན་བྱས་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་རིག་གཞུང་སྤེལ་རེས་རྣམ་གྲངས་དེ་བས་མང་བ་ལག་ལེན་བསྟར་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དེ་བས་གཏིང་ཟབ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     (ཤིན་ཧྭ་གསར་འགྱུར་ཁང་པར་ཙིར་གྱི་གྲོང་ཁྱེར་ཀོ་ལུན་པུའུ་ནས་འབྱོར་བའི་གློག་འཕྲིན)
     (ཟླ་བ་ཕུར་སྒྲོན་གྱིས་བསྒྱུར། པ་ཚེས་ཞུས)