༄༅།།ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་སྐུལ་མ་བཏང་།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་06ཉིན། 14:52】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
2023ལོའི་ཟླ་11ཚེས་3ཉིན། ཀྲུང་གོ་དང་ཨ་རིའི་རྒྱ་མཚོའི་ལས་དོན་གྲོས་མོལ་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ་རེད། ཕྱི་འབྲེལ་པུའི་མཐའ་མཚམས་དང་རྒྱ་མཚོའི་ལས་དོན་སིའི་སི་ཀྲང་ཧུང་ལེའང་གིས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཨེ་ཤ་ཡ་ཤར་མའི་རོགས་སྐྱོར་གཞུང་དོན་ཁང་དང་། ཀྲུང་གོའི་ལས་དོན་མཐུན་སྦྱོར་བ་ལན་མོ་ཁེ་དང་མཉམ་དུ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་མཚོ་འབྲེལ་སྡེ་ཁག་དང་རྒྱལ་སྲུང་པུའུ་ཡི་འཐུས་མི་ཞུགས་ཡོད།
ཕྱོགས་གཉིས་ཀས་མཚོ་ཐོག་གི་གནས་བབ་དང་། མཚོ་ཐོག་གི་བདེ་འཇགས། རྒྱ་མཚོའི་དཔལ་འབྱོར་དང་ཁོར་ཡུག་སོགས་ཀྱི་གྲོས་དོན་ལ་དམིགས་ནས་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ། དགེ་མཚན་ལྡན་པ་བཅས་ཀྱི་སྒོ་ནས་བསམ་འཆར་བརྗེ་རེས་བྱས་པ་རེད། ཕྱོགས་གཉིས་ཀས་གླེང་མོལ་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་ཐོག་གི་གནས་བབ་ལ་དོ་དམ་ཚོད་འཛིན། གོ་ནོར་ཐེབས་པ་དང་ཁྲིམས་གཅོད་ནོར་འཁྲུལ་མི་ཡོང་བ། གཉིས་ཕན་མཉམ་ལས་ལ་དཔྱད་བསྡུར་བཅས་བྱ་དགོས་པའི་ནན་བཤད་བྱས་ཡོད།
ཀྲུང་གོ་ཕྱོགས་ནས་རྒྱ་མཚོ་དང་འབྲེལ་བའི་གནད་དོན་ཐད་ཀྱི་སྲིད་ཇུས་དང་ལངས་ཕྱོགས་རྒྱས་བཤད་བྱས་པ་དང་། ཨ་རིས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོ་ཕྱོགས་སུ་ཉེ་བཅར་མྱུལ་ཞིབ་ཡང་ཡང་བྱེད་པ་དང་། ལྷོ་རྒྱ་མཚོའི་དོ་བདག་རྒྱལ་ཁབ་ལ་དབང་གནོད་འཁྲུག་རྐྱེན་སློང་དུ་འཇུག་རྒྱུའི་ངན་སྐུལ་དང་རྒྱབ་སྐྱོར་བྱེད་པ་སོགས་ལ་དོ་ཁུར་ཆེན་པོ་བྱས་ཏེ། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་བརྩི་འཇོག་ཏན་ཏིག་བྱེད་དགོས་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་མཚོ་ཐོག་རྩོད་གླེང་ནང་ཞུགས་མཚམས་བཞག་སྟེ། ས་ཁུལ་ཞི་བདེ་དང་བརྟན་ལྷིང་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།
