༄༅།།《ཧི་མ་ལ་ཡ། སྐད་ཅིག་མ་》ཞེས་པའི་པར་རིས་འགྲེམས་སྟོན།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 10ཚེས་31ཉིན། 11:08】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་《ཧི་མ་ལ་ཡ། སྐད་ཅིག་མ་》ཞེས་པའི་པར་རིས་འགྲེམས་སྟོན་གཉེར་བ་རེད། ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་ཐོག བོད་ལྗོངས་ནས་ཡིན་པའི་པར་རྒྱག་མཁན་36གི་བརྩམས་ཆོས་འགྲེམས་སྟོན་བྱས་པ་དང་། དུས་རབས་20པའི་ལོ་རབས་80པ་ནས་2022ལོའི་བར་དུ་པར་རྒྱག་པའི་བརྩམས་ཆོས་72ཡོད་པ་རེད།
ལོ་40ལྷག་ཙམ་རིང་། ས་གནས་དེ་གའི་པར་ལེན་ལ་དགའ་མཁན་དང་ཡུན་རིང་བོད་ལྗོངས་སུ་ལས་ཀ་དང་འཚོ་བ་སྐྱེལ་མཁན་པར་རྒྱག་མཁན་ཁག་གཅིག་གིས། རང་ཉིད་ཀྱི་དམིགས་བསལ་ལྟ་སྟངས་ཐོག་ནས་བོད་ཀྱི་རིག་གནས་ཀྱི་ངོ་མཚར་ཆེ་བའི་ལོ་རྒྱུས་ཟིན་ཐོ་ཟམ་མི་ཆད་པར་བཀོད་པ་དང་། པར་རིས་ལ་བརྟེན་ནས་བོད་ཀྱི་རིག་གནས་ནང་དོན་ཟབ་མོ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་མངོན་པར་བྱས་པ་དང་། པར་རིས་ལ་བརྟེན་ནས་མཚོ་བོད་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བསྔགས་བརྗོད་བྱས་པ་དང་། ས་མཐོའི་མི་དམངས་ཀྱི་ལས་ལ་བརྩོན་ཞིང་བློ་བརྟན་འགྱུར་མེད་ཀྱི་སྙིང་རིས་ལ་བསྔགས་བརྗོད་བྱས་ཤིང་། དབྱར་མཚོ་རྒྱས་པ་ལྟར་གྱི་དུས་རབས་གསར་པར་བསྔགས་བརྗོད་བྱས་པ་རེད།