འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སང་ལོའི་ཟླ་1ཚེས་1ཉིན་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་25ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་10ཚེས་24ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག《རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཅའ་ཁྲིམས་དེར་ཁྱོན་ལེའུ་5དང་དོན་ཚན་40ཡོད་པའི་ནང་། སྤྱིའི་རྩ་དོན་དང་། འགན་འཁྲི་ལས་འགན། ལག་བསྟར་བྱེད་ཐབས། རྒྱབ་སྐྱོར་འགན་ལེན། ཞར་བྱུང་དོན་ཚན་བཅས་ཚུད་ཡོད།
   རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྐོར་གྱི་བཅའ་ཁྲིམས་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་གཙོ་བོ་གཏན་འབེབས་བྱས་ཡོད་པ་སྟེ། བསམ་བློ་ཆབ་སྲིད་དང་། ལོ་རྒྱུས་རིག་གནས། རྒྱལ་ཁབ་ཀྱི་མཚོན་རྟགས། མེས་རྒྱལ་གྱི་བརྗིད་ཆགས་ཡིད་དུ་འོང་བའི་རི་ཀླུང་དང་ལོ་རྒྱུས་རིག་གནས་ཤུལ་བཞག རྩ་ཁྲིམས་དང་བཅའ་ཁྲིམས། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་། སྔོན་གཤེགས་དཔའ་བོ་དང་དཔེ་བཟང་མི་སྣའི་བྱས་རྗེས་སོགས་ཚུད་ཡོད། སྤྱི་དམངས་ཡོངས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་གཏན་འབེབས་བྱས་པ་དང་ཆབས་ཅིག་སློབ་གྲྭ་དང་ཁྱིམ་ཚང་གིས་གཞོན་ནུ་ལོ་ཆུང་དང་བྱིས་པ་ཚོར་སློབ་གསོ་རྒྱག་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་མ་ཟད། གཞུང་ལས་མི་སྣ་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ། གྲོང་ཚོའི་གྲོང་མི། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་རང་མི་སོགས་ཚོགས་སྤྱི་མི་འདྲ་བའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱག་རྒྱུའི་ཐད་བབ་མཐུན་གྱི་གཏན་འབེབས་ཀྱང་བྱས་ཡོད།
   རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་བཟོས་ནས། ཁྲིམས་སྐྱོང་གི་ཐབས་ལ་བརྟེན་ནས་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་སྐུལ་འདེད་དང་འགན་སྲུང་བྱ་རྒྱུ་དེ་མི་རིགས་ཀྱི་སྙིང་སྟོབས་ཆེར་སྐྱེད་དང་། མི་དམངས་ཀྱི་སྟོབས་ཤུགས་གོང་བུར་འགྲིལ་བ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་གལ་འགངས་ཤིན་ཏུ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།