༄༅།།ཞྭ་ནག་དེ་ཀྲུང་གོར་གཡོགས་མི་ཐུབ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 10ཚེས་24ཉིན། 13:47】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“ཕྱི་འབྲེལ་པུའི་མགྲིན་ཚབ་པའི་གཞུང་དོན་ཁང་”གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་10ཚེས་23ཉིན། ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག《པེ་ཅིང་གཞོན་ནུའི་ཚགས་པར་》གྱི་གསར་འགོད་པས། ཟླ་10ཚེས་20ཉིན། ཨ་རིའི་ཕོ་བྲང་དཀར་པོས་ཡིག་ཆ་སྤེལ་ནས། ཀྲུང་གོས་འཛམ་གླིང་ས་གནས་ཁག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བཙན་ཤེད་ཅན་དང་རྒྱུན་མཐུད་མི་ཐུབ་པའི་མ་དངུལ་བསྡུ་སྒྲིལ་བྱེད་པ་དང་། ཨ་རི་ཕྱོགས་ཀྱིས་བློས་འགེལ་ཆོག་པའི་ཚབ་བྱེད་ཇུས་གཞི་མཁོ་འདོན་བྱ་རྒྱུར་གཞོལ་བཞིན་ཡོད་ཅེས་བཤད་པར་ང་ཚོ་དོ་སྣང་བྱུང་། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
མའོ་ཉིང་གིས། ཨ་རི་ཕྱོགས་ཀྱི་ཤོད་སྟངས་དོན་དངོས་དང་མི་མཐུན། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མ་དངུལ་འཇོག་བསྡུའི་མཉམ་ལས་སྤེལ་ཞིང་། རྒྱལ་སྤྱིའི་སྒྲིག་སྲོལ་དང་། ཚོང་རའི་ཆོས་ཉིད། བུ་ལོན་རྒྱུན་མཐུད་ཐུབ་པའི་རྩ་དོན་བཅས་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་འདོད་བློར་བརྩི་འཇོག ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་བྱེད་པ་བཅས་ཡིན། “བཙན་ཤེད་”ཀྱི་ཞྭ་ནག་དེ་ཀྲུང་གོར་གཡོགས་མི་ཐུབ།
ན་ནིང་ནས་བཟུང་། ཨ་རིས་སྔར་བྱུང་མྱོང་མེད་པའི་ཚད་གཞིའི་ཐོག་ནས་སྐྱེད་ཀ་སྤར་བས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གི་བུ་ལོན་མུ་གེའི་སྟེང་ལ་ཟླ་ལྷག་གི་དཔེ་བཞིན་འཕར་ཏེ་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁྲོམ་རར་གཡོ་འགུལ་ཤུགས་ཆེར་ཐེབས་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་དང་པོ་ཡིན་པའི་ངོས་ནས་བརྗོད་ན། ཨ་རིར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱེད་པའི་འགན་འཁྲི་ཡོད་པས། ང་ཚོས་ཨ་རི་ཕྱོགས་ནས་ཐབས་ནུས་དངོས་ཀྱི་ཇུས་གཞི་འདོན་རྒྱུ་ལས། ས་རྒྱུད་ཀྱི་འཐབ་འགྲན་ཁོ་ན་མི་བྱེད་པའི་རེ་སྒུག་བྱེད་ཀྱིན་ཡོད་ཅེས་བཤད།
