འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྨ་ཆུའི་འབབ་རྒྱུད་ཀྱི་ཉིང་ཞ་དུམ་བུར་སྟོད་སྨད་རྒྱུད་ཀྱི་ཐད་ཀའི་ཁ་གསབ་ལམ་སྲོལ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་24ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་དབྱིན་ཁྲོན་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དང་ནང་སོག་རང་སྐྱོང་ལྗོངས་ཀྱིས《རྨ་ཆུའི་འབབ་རྒྱུད་ཀྱི་ཐད་ཀའི་སྐྱེ་ཁམས་ཁ་གསབ་གྲོས་མཐུན》དངོས་སུ་བཞག་པ་རེད། འདི་ལོའི་ཟླ་7པར། ཉིང་ཞ་དང་ཀན་སུའུ་ཡིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་ཀྱི་གྲོས་མཐུན་བཞག་པ་དང་། ད་བར་ཉིང་ཞ་འདི་ཉིད་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ནང་གི་སྟོད་སྨད་རྒྱུད་དུ་ཐད་ཀའི་ཁ་གསབ་ལམ་སྲོལ་བཙུགས་པའི་ཞིང་ཆེན་ཐོག་མ་དེར་གྱུར་ཡོད།
     《གྲོས་མཐུན》ནང་། ཉིང་ཞ་ཡིས་ཀན་སུའུ་ཞིང་ཆེན་དང་ནང་སོག་རང་སྐྱོང་ལྗོངས་དང་1:1གི་བསྡུར་ཚད་གཞིར་བཟུང་། མ་དངུལ་སྒོར་དུང་ཕྱུར་གཅིག་ཐུན་མོང་གྲབས་གསོག་བྱས་ནས། རྨ་ཆུའི་ཆུ་རྒྱུན་ཨ་མའི་འབབ་རྒྱུད་ཀྱི་སྟོད་སྨད་རྒྱུད་ཀྱི་ཐད་ཀའི་སྐྱེ་ཁམས་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ནས་ཀན་སུའུ་ནས་ཉིང་ཞ་བར་གྱི་དུམ་བུའི་རྒྱལ་བ་རིགས་ལྔ་དགོན་གྱི་བཅད་ཁ་དང་། ཉིང་ཞ་ནས་ནང་སོག་བར་གྱི་དུམ་བུའི་མ་ཧོང་ལུང་ཤུར་གྱི་བཅད་ཁའི་ལོ་དེའི་ཆ་སྙོམས་རིན་ཐང་གི་གནས་ཚུལ་གཞིར་བཟུང་ཁ་གསབ་སྤྲོད་སྟངས་གཏན་འབེབས་བྱས་ཡོད་ཅེས་ཁ་གསལ་བཏོན་ཡོད།
     《གྲོས་མཐུན》གཞིར་བཟུང་། ལོ་འཁོར་གྱི་དཔྱད་ཞིབ་ནང་། ཆུ་སྤུས་ལོ་དེའི་ཆ་སྙོམས་ཆུ་སྤུས་རྒྱལ་ཁབ་དཔྱད་ཞིབ་IIཀྱི་ཆུ་སྤུས་ཚད་གཞིར་སླེབས་ན། སྟོད་སྨད་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཕྱོགས་གཉིས་པོས་ཕན་ཚུན་ཁ་གསབ་མི་སྤྲོད་པ་དང་། གལ་ཏེ་ཆུ་སྤུས་ལོ་དེའི་ལོ་རེའི་ཆ་སྙོམས་ཆུ་སྤུས་རྒྱལ་ཁབ་དཔྱད་ཞིབ་IIཀྱི་ཆུ་སྤུས་ཚད་གཞིར་སླེབས་མེད་ན། སྟོད་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་སྨད་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་ཁ་གསབ་སྒོར་ཁྲི་5000སྤྲོད་རྒྱུ་རེད། གལ་ཏེ་ལོ་དེར་ལོ་རེའི་ཆ་སྙོམས་ཆུ་སྤུས་རྒྱལ་ཁབ་དཔྱད་ཞིབ་IIཀྱི་ཆུ་སྤུས་ཚད་གཞི་ལས་མཐོ་བ་ཡོད་ན། སྨད་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་སྟོད་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་ཁ་གསབ་སྒོར་ཁྲི་5000སྤྲོད་རྒྱུ་རེད། ཁ་གསབ་མ་དངུལ་འབབ་རྒྱུད་ནང་གི་ཆུའི་སྦགས་བཙོག་གི་ཕྱོགས་བསྡུས་བཅོས་སྒྲིག་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཁོར་ཡུག་སྲུང་སྐྱོང་གི་ནུས་པ་ཆེར་གཏོང་སོགས་ལ་སྤྱད་དེ་རྨ་ཆུའི་འབབ་རྒྱུད་ལ་སྲུང་སྐྱོང་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།
     (པ་ཚེ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)