འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྐོག་རྔན་ཁྱོན་བསྡོམས་སྒོར་དུང་ཕྱུར་5.55བླངས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་20ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཟུར་པ། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་ཟུར་པ་ཝང་ཏ་ཝེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས། 
2023ལོའི་ཟླ་10ཚེས་19ཉིན། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་ཡོངས་བསྒྲགས་ཐོག་འཚོགས་ནས། ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་ཝང་ཏ་ཝེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་ཞིབ་བྱས་པ་རེད། 
   ཧུའུ་པེ་ཞིང་ཆེན་ཞང་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 2008ལོ་ནས་2022ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཝང་ཏ་ཝེ་ཡིས་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཧེ་ལུང་ཅང་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་གཞོན་པ། ལེའོ་ཉིང་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་། ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། ཞིང་ཆེན་འགོ་འཛིན་གྱི་ལས་རོགས། ཞིང་ཆེན་གྱི་འགོ་འཛིན་གཞོན་པ་སོགས་གོ་གནས་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་ངམ་ཡང་ན་གོ་གནས་ལས་ཆགས་པའི་སྟབས་བདེའི་ཆ་རྐྱེན་བརྟེན་ནས། ལེའོ་ཉིང་ཀྲུང་ཝང་ཚོགས་པ་ཚད་ཡོད་ཀུང་སི་དང་། ལེའོ་ཉིང་ཧུང་ཡུན་དངུལ་འཇོག་(ཚོགས་པ་)ཚད་ཡོད་ཀུང་སི། མོང་པིན་སོགས་ཚན་པ་དང་སྒེར་གྱིས་ཁེ་ལས་གཉེར་སྐྱོང་དང་། གྱོད་གཞི་ཐག་གཅོད། གོ་གནས་སྤོར་བ། གོ་གནས་ལེགས་སྒྲིག་སོགས་ཀྱི་གནད་དོན་ཐད་རོགས་རམ་བྱས་ནས། ཐད་ཀར་རམ་ཡང་ན་གཞན་པ་བརྒྱུད་ནས་གོང་གསལ་ཚན་པ་དང་སྒེར་གྱིས་སྤྲད་པའི་དངུལ་དང་། ལག་ཐོགས་ཆུ་ཚོད། རླངས་འཁོར། གཡང་ཊི་སོགས་པའི་རྒྱུ་དངོས་ཁྲིམས་འགལ་ངང་བླངས་པ་དང་། དེ་བཞིན་རང་གི་ཁང་རིན་དང་རྒྱུ་དངོས་ཉོ་དངུལ་ཚབ་གཏོང་བྱེད་དུ་བཅུག་པ་མི་དམངས་ཤོག་སྒོར་དུང་ཕྱུར་5.55ལྷག་ཙམ་ཟིན་ཡོད་པ་རེད། ལྐོག་རྔན་ལེན་པའི་ཉེས་བསགས་ལ་གཞིགས་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཝང་ཏ་ཝེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རེ་བཏོན་ཡོད།
   ཁྲིམས་སའི་འདྲི་གཅོད་ནང་། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་བ་ཝང་ཏ་ཝེ་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་པ། རྩོད་བཤེར་ཚོད་འཛིན་མཁན་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་རྩོད་བཤེར་བསམ་འཆར་གང་ལེགས་བཏོན་པ། ཝང་ཏ་ཝེ་ཡིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད། ཁྲིམས་རར་རང་ཉེས་ངོས་ལེན་དང་འགྱོད་བཤགས་ཀྱང་བྱས་པ་རེད། ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། ཁྲིམས་རས་ཁྲིམས་ས་འཚོག་མཚམས་འཇོག་རྒྱུ་དང་། དུས་དང་བསྟུན་ནས་དཔྱད་མཚམས་ཡོངས་བསྒྲགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་བཅས་མི་20ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།