འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་མཐར་ཟད་འགྲན་བསྡུར་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་19ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཚོགས་པའི་སྤྱིའི་གྲུབ་འབྲས་ཀྱི་ཨང་དང་པོ་ཐོབ་པའི་ཨོ་སི་ཁྲུ་ལི་ཡའི་ARAགླིང་སྐྱོད་རུ་ཁག་གི་བདམས་ཐོན་པས་བྱ་དགའ་སྤྲོད་པའི་མཛད་སྒོར་མཉམ་པར་རྒྱག་བཞིན་པ།
འདི་ནི་ཚོགས་པའི་སྤྱིའི་གྲུབ་འབྲས་ཀྱི་ཨང་དང་པོ་ཐོབ་པའི་ཨོ་སི་ཁྲུ་ལི་ཡའི་ARAགླིང་སྐྱོད་རུ་ཁག་གི་བདམས་ཐོན་པས་བྱ་དགའ་སྤྲོད་པའི་མཛད་སྒོར་མཉམ་པར་རྒྱག་བཞིན་པ།
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། 2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་འགྲིལ་ཞིང་། ཀྲུང་གོའི་རྒྱལ་ཁབ་རྐང་འཁོར་རུ་ཁག་གི་རུ་མི་ཝང་རུའེ་ཏུང་ལ་ལྷ་སའི་འགྲན་སྐོར་གྱི་ཨང་དང་པོ་ཐོབ་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཟླ་10ཚེས་14ནས་17ཉིན་བར་ཉིང་ཁྲི་དང་། གཞིས་རྩེ། ལྷ་ས་བཅས་ས་ཁུལ་གསུམ་དུ་གཉེར་བར་རྒྱལ་ཁབ་ཕྱི་ནང་གི་རྐང་འཁོར་རུ་ཁག་17གྱི་བདམས་ཐོན་པ་100ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད་པ་རེད། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་སྤྱི་ལེ་312.57ཟིན་པ་དེ་འགྲན་སྐོར་གསུམ་ལ་ཕྱེ་བ་དང་ས་བབ་མཐོ་ཚད་སྨི་2988ནས་4034བར་ཡིན་པ་རེད།
   “ད་ཐེངས་ཀྱི་འགྲན་བསྡུར་ནི་བོད་ཀྱིས་ཕྱི་རོལ་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ས་གནས་ཀྱི་དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད”ཅེས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས། འགྲན་བསྡུར་གྱིས་འགྲན་ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད། རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་སྒྲིག་སྲོལ་གཞིར་བཟུང་འགྲན་ལམ་རྒྱུད་དུ་གད་སྙིགས་དབྱུག་སྣོད་མང་པོ་བཙུགས་པ་དང་འབྲེལ་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་བསྡུ་རུབ་དང་ཐག་གཅོད་བྱས་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དེ་བས་ཐུབ་ཡོད་ཅེས་བརྗོད་པ་རེད།