འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྐད་གཉིས་བཅའ་ཁྲིམས་སྐོར་གྱི་དེབ་གསར་གླེང་མོལ་ཚོགས་འདུ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་16ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སྐད་གཉིས་བཅའ་ཁྲིམས་སྐོར་གྱི་དེབ་གསར་གླེང་མོལ་ཚོགས་འདུ།
     སྤྱི་ཟླ༡༠པའི་ཚེས་༡༦ཉིན་གྱི་སྔ་དྲོར། ཅང་སུའུ་དགེ་འོས་སློབ་ཆེན་རྒྱ་བོད་ཁྲིམས་ལུགས་རིག་གནས་དང་ཁྲིམས་སྐྱོང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་ལུགས་ཆེད་མཁས་པ་ལུང་ཡན་འཆིང་གིས་གཙོ་སྒྲིག་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན—རང་རྒྱལ་བོད་འབྲེལ་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དཔེ་ཚོགས》(རྒྱ་བོད་སྐད་གཉིས)ཏེ། དེབ་བཅུའི་བདག་ཉིད་ཅན་གྱི་མུ་འབྲེལ་དཔེ་ཚོགས་ཀྱི་དེབ་གསར་གླེང་མོལ་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་དུས་རབས་གྲོང་མཁར་འགྲེམ་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས།
     《ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན—རང་རྒྱལ་བོད་འབྲེལ་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དཔེ་ཚོགས》(རྒྱ་བོད་ཤན་སྦྱར)ནི་༢༠༢༢ལོའི་མི་རིགས་སྐད་ཡིག་དཔེ་སྐྲུན་ཆེད་སྤྱོད་མ་དངུལ་གྱི་རོགས་སྐྱོར་རྣམ་གྲངས་ཡིན་ཞིང་། དཔེ་ཚོགས་འདིར་པོད་བཅུ་ཡིས་གྲུབ་ཡོད་དེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཉིན་བརྒྱའི་ཀློག་འགྲེལ》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་ཉིན་བརྒྱའི་ཀློག་འགྲེལ》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་འགོག་བཅའ་ཁྲིམས》(རྒྱ་བོད་ཤན་སྦྱར)བཅས་ཡིན། དཔེ་ཚོགས་འདི་ཉིད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློའི་སྣེ་སྟོན་འོག ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་ཆེད་ཡིན། དེ་ཡང་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ། བོད་ལྗོངས་དང་དེ་མིན་བོད་འབྲེལ་གྱི་ཞིང་ཆེན་བཞི་ཡི་ཁུལ་དང་རྫོང་རིམ་པས་ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན་ཁྲོད་ཀྱི་ཆབ་སྲིད་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། ཁྲིམས་སྐྱོང་ཕན་འབྲས་བཅས་ལ་འགན་སྲུང་བྱ་རྒྱུ་དང་། ཁྲིམས་ལྟར་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་སྙིང་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་ཕན་འབྲས་ལ་འགན་སྲུང་ལག་བསྟར་བྱས་ནས། གོམ་གང་མདུན་སྤོས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་དང་ཀྲུང་གོའི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ལ་བག་ཆགས་ཟབ་མོ་འཇོག་ངེས་རེད།
     གླེང་མོལ་ཚོགས་འདུའི་སྟེང་། གཙོ་སྒྲིག་པ་རྣམ་རྒྱལ་ལུང་ཡན་འཆིང་གིས་དེབ་ཀྱི་ཇུས་འགོད་དང་ལོ་ཙྰའི་ཕྱོགས་ནས་དཔེ་ཚོགས་འདི་ཉིད་ཀྱིས་བོད་འབྲེལ་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལ་ཐོན་པའི་གལ་ཆེའི་དངོས་ཡོད་དོན་སྙིང་ལ་དཔྱད་བསྡུར་བྱས་དོན། དཔེ་ཚོགས་འདི་ཡི་དཔེ་སྐྲུན་གྱིས་ཁྲིམས་སྐྱོང་བསམ་བློ་བོད་འབྲེལ་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཟབ་འདྲེས་དང་བར་ཐག་ཉེ་རུ་ཕྱིན་ནས། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་དང་ལེན་དང་ལག་ལེན་བྱས་ཏེ་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཚད་མཐོ་རུ་བཏང་ནས། སྤྱི་ཚོགས་སྒྲིག་གཞི་དང་སྤྱི་ཚོགས་ཁྲིམས་ལུགས་སྐྱེ་ཁམས་ལེགས་སྐྱོང་། རྒྱལ་ཁབ་ཀྱི་འདུས་ཤེས་འཛིན་སྟངས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་དོན་སྙིང་ལྡན་པ་གསུངས།
     སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་དཔེ་སྐྲུན་གྱི་ཕྱོགས་ནས་ཐེངས་འདིའི་དཔེ་ཚོགས་ཀྱིས་བོད་འབྲེལ་ས་ཁུལ་གྱི་ཁྲིམས་ལུགས་འཛུགས་སྐྲུན་དང་གཞི་རིམ་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་གལ་ཆེའི་བྱེད་ནུས་བརྗོད་དོན། གཏིང་ཟབ་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བསམ་བློ་སློབ་སྦྱོང་དང་དྲིལ་བསྒྲགས་མཐའ་འཁྱོལ། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་དམངས་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་ཀྱི་གལ་ཆེའི་བསམ་བློའི་འཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་ནས། དམངས་དོན་ཁྲིམས་གཞུང་དང་བཅའ་ཁྲིམས་ལྟེ་བ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་དམངས་མང་ཚོགས་ཀྱི་ཁྲོད་དང་བློ་རུ་བབས་པ་བྱས་ཏེ། ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་དང་ཁྲིམས་སྤྱོད་ཀྱི་ཁོར་ཡུག་སྟུག་པོ་བསྐྲུན་པ། བོད་འབྲེལ་གཞི་རིམ་གྱི་མི་དམངས་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པར་སྣེ་ཁྲིད་བྱ་དགོས་པ་ནན་གྱིས་བསྟན་ནོ།།
     སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་དཔེ་ཚོགས་ཀྱི་ཇུས་འགོད་དང་དཔེ་སྐྲུན་བརྒྱུད་རིམ་མཉམ་སྤྱོད་བྱས་པ་མ་ཟད། མ་འོངས་པར་ཡང་རྣམ་རྒྱལ་ལུང་ཆན་འཆིང་དང་མཉམ་འབྲེལ་བྱས་ཏེ་སྐད་གཉིས་ཀྱི་ཁྲིམས་སྤེལ་དཔེ་དེབ་གང་མང་པར་བསྐྲུན་བྱས་ནས་བོད་འབྲེལ་ས་ཁུལ་གྱི་ཁྲིམས་ལུགས་དྲིལ་བསྒྲགས་བྱ་བར་རམ་འདེགས་བྱ་རྒྱུ་གསུངས།
【1】  【2】  【3】
༄༅།།སྐད་གཉིས་བཅའ་ཁྲིམས་སྐོར་གྱི་དེབ་གསར་གླེང་མོལ་ཚོགས་འདུ།