༄༅།།ཐན་ཁེ་མང་པོ་ཞིག་མཐའ་མཚམས་འདི་རུ་འདུས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 10ཚེས་16ཉིན། 14:06】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཚེས་14ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས། ཅ་ཧྲ་ས་ཁུལ་ལ་“ས་ངོས་ཀྱི་བྱ་སྤྱོད་གལ་ཆེན་”སྤེལ་རྒྱུའི་གྲ་སྒྲིག་ལས་ཀ་ལེགས་འགྲུབ་བྱེད་བཞིན་ཡོད་པ་དང་། དེའི་རྗེས་སུ་“ཕར་རྒོལ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་”ཡིན་པ་དེའི་ནང་སྐམ་མཚོ་མཁའ་གསུམ་མཉམ་འབྲེལ་གྱིས་མཐུན་སྦྱོར་ངང་ཕར་རྒོལ་བྱ་རྒྱུ་ཚུད་ཡོད་ཅེས་ཟེར། ཕྱོགས་བསྡུས་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)ཁོངས་གཏོགས་དྲག་ཆས་ཕྱོགས་ཁག་ཁཱ་སང་ལུའེ་ཤོག་གིས་ཚེས་14ཉིན་གྱི་དགོང་མོར་དབྱི་སི་རལ་སྐམ་དམག་ཕྱོགས་ལ་ཆ་འཕྲིན་སྤེལ་ནས། དབྱི་སི་རལ་དམག་དཔུང་གི་ས་ངོས་དམག་དོན་བྱ་སྤྱོད་གང་རུང་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཅེས་བཤད།
ཚེས་15ཉིན། ཀྲུང་དབྱང་རླུང་འཕྲིན་བཪྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཁྲེན་ཧུའེ་ཧུའེ་དང་ཡའོ་ཧྲུའུ་པོ་གཉིས་ཀྱིས། ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་མེ་ཁ་ཝ་དམག་འཐབ་ཐན་ཁེ་གཙོ་བོ་འབོར་ཆེན་བསྡུ་རུབ་བྱས་པ་ཕུད། ཁྲབ་ལྡན་ས་འབུད་འཕྲུལ་འཁོར་ཆེ་གྲས་ཀྱང་སྤྱད་དེ་ས་ངོས་ཀྱི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་རེད།
ད་ལྟ་ཕ་དབྱི་གདོང་གཏུག་གི་གནས་བབ་ཛ་དྲག་ཆེ་བ་དང་། མཐའ་མཚམས་ཀྱི་སྡོད་དམངས་མུ་མཐུད་ཕྱིར་འཐེན་བྱེད་བཞིན་ཡོད། ཅ་ཧྲ་ས་ཁུལ་ལ་གནོད་འཚེ་ལྡན་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་འཕྲད་ཡོད།
