༄༅།།རྨ་ཆུའི་སྟོད་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 10ཚེས་16ཉིན། 09:54】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཕེང་།
ཟླ་དགུ་པའི་ཀན་ལྷོར་ནམ་མཁའ་གཡའ་དག་ཅིང་ས་གཞིར་སྟོན་མདངས་རྒྱས། གསར་འགོད་པ་ཀླུ་ཆུའི་ངོགས་སུ་ཆགས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཅོ་ནེ་རྫོང་ལིའུ་ལིན་གྲོང་རྡལ་གྱི་བྱ་རྒོད་གྲོང་ཚོར་སླེབས་དུས་ཐོག་མར་མིག་ལམ་དུ་འཆར་བ་ནི་དམར་སེར་སྤེལ་མའི་བོད་བཟོའི་ཁང་པ་སྟར་པ་དེ་རེད།
མིག་མདུན་གྱི་མཛེས་སྡུག་ལྡན་པའི་བྱ་རྒོད་གྲོང་ཚོ་ནི་སྔོན་ཆད་མི་ཕྱུགས་མཉམ་སྡོད་བྱེད་པ་དང་། འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་པ། གད་སྙིགས་གང་སར་སྤུངས་བའི་གྲོང་ཚོ་དབུལ་པོ་ཞིག་རེད།
བྱ་རྒོད་གྲོང་ཚོ་ཁོ་ན་ཙམ་མ་ཡིན་པར་རྨ་ཆུའི་སྟོད་རྒྱུད་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡོངས་ལ་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་སྔོན་ཆད་དུས་སྐབས་ཤིག་རིང་ཁོར་ཡུག་གི་གནད་དོན་རྐྱེན་གྱིས་ཉམས་རྒུད་དུ་ཕྱིན་ཡོད། 2015ལོ་ཚུན་དུ། ཀན་ལྷོ་ཀྲོའུ་ཡིས“བཙོག་ཟིང་ཞན་གསུམ”བཅོས་སྒྲིག་བྱས་ནས་ཀྲོའུ་ཡོངས་སུ“ཁོར་ཡུག་གསར་བརྗེ”ཐེངས་ཤིག་བྱས་པ་རེད།
ཅོ་ནེ་རྫོང་ལིའུ་ལིན་གྲོང་རྡལ་གྱི་ཀྲེན་ཀྲང་ཅང་ཧུང་ཕིང་གིས། ཀྲུང་གོ་བཟོ་སྐྲུན་ཚོགས་པའི་རོགས་སྐྱོར་འོག 2021ལོ་ཚུན་དུ། བྱ་རྒོད་གྲོང་ཚོས་ལྷས་ར་དང་མེ་ཤིང་འཇོག་ས་སོགས་30ལྷག་དང་གྲོང་ཚོའི་རྣམ་པར་ཤུགས་རྐྱེན་བཟོ་བའི་གྱང་གོག་སྨི་2000ལྷག་བཤིག་པ་དང་། གྲོང་ཚོ་ཧྲིལ་པོའི་བོད་བཟོའི་ས་ཕག་ཁང་པར་སྒྱུར་བཀོད་རིམ་སྤོར་བྱས་པ་དང་སྦྲགས་ཆུ་ཡུར་དང་མདོང་དྲ་སྨི་8000ལྷག་གསར་དུ་བཟོས་ནས་གྲོང་ཚོ་ཧྲིལ་པོའི་ཆུ་འདོན་ཆུ་འབུད་མ་ལག་ཆ་ཚང་གྲོང་སྲིད་མདོང་དྲ་དང་སྦྲེལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
བཅོས་སྒྲིག་བྱ་སྤྱོད་རྒྱུན་ཆད་མེད་པར་སྤེལ་བ་དང་བསྟུན་ནས། ཀླུ་ཆུ་དྭངས་གཙང་དང་། རི་བོ་སྔོ་ལྗང་། གྲོང་ཚོའི་རྣམ་པ་མཛེས་པོ་བཅས་བྱུང་ནས་ཡུལ་སྐོར་དུ་ཡོང་མཁན་ཡང་ཇེ་མང་ནས་ཇེ་མང་དུ་སོང་ཡོད་པ་རེད།
འཚོ་བ་སྐྱེལ་སྟངས་བསྒྱུར་པར་བརྟེན་ནས་ཐོན་སྐྱེད་བྱེད་སྟངས་ལ་ཡང་འགྱུར་ལྡོག་བྱུང་ཞིང་། བྱ་རྒོད་གྲོང་ཚོའི་གྲོང་མི་ཧུའུ་ཁྲེང་ཡིའུ་དང་གྲོང་ཚོ་དེའི་དུད་ཚང་20ལྷག་གིས་མ་དངུལ་རང་གྲབས་བྱས་ནས་བོད་ཁྱིམ་སྤྲོ་ཁང་གཉེར་བར“བོད་ཁྱིམ་སྤྲོ་ཁང་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་10ནས་30བར་རག་གི་འདུག”
ཅང་ཧུང་ཕིང་གིས། ད་ཆ་གྲོང་མི་སྔར་བས་མང་པོ་ཞིག་དེ་སྔའི“ང་རང་བཅོས་སྒྲིག་བྱེད་དུ་འཇུག་པ”ནས“ངས་བཅོས་སྒྲིག་བྱེད་པའི”བར་འགྱུར་ལྡོག་བྱུང་ཡོད། མིང་ལ་བྱ་རྒོད་ཅེས་བཏགས་པའི་གྲོང་ཚོ་འདིས“གཤོག་རྩལ་ངོམ”བཞིན་ཡོད་ཅེས་བཤད།
ཀླུ་ཆུའི་སྨད་རྒྱུད་དུ་བསྐྱོད་ཚེ་ཁུག་པ་ཆེན་པོ་ཞིག་བརྒྱུད་རྗེས་ཀ་ཆུ་ཧུད་རིགས་རང་སྐྱོང་ཀྲོའུ་ཁང་ལེ་རྫོང་ལེན་ལུའུ་གྲོང་རྡལ་ཞ་ཀྲ་གྲོང་ཚོར་སླེབས་ཀྱི་ཡོད།
གསར་འགོད་པས། གྲོང་ཚོའི་ནང་དུ་ཉེ་བའི་ལོ་ཤས་རིང་གྲོང་མི་མི་ཉུང་བ་ཞིག་གིས་ཨ་རིའི་ལུགས་ཀྱི་གནམ་གཅལ་དང་། རྩིག་ངོས་སུ་བསྒར་བའི་ཕྱོགས་བསྡུས་གྱོན་ཆས་བླུགས་སྒམ། རྣམ་པ་མཛེས་བཟོའི་གློག་སྒྲོན་སྣ་ཚོགས་སོགས་བསྒར་ནས་ཁང་པ་མཛེས་བཟོ་བྱས་པ་དང་། ཁ་ཤས་ཀྱིས་ད་དུང་རྐང་བཙུགས་ནས་དྲོད་སྙོམས་འཕྲུལ་ཆས་བསྒར་ས་ཡང་བཞག་ཡོད་པ་མཐོང་བྱུང་།
“ད་ཆ་གྲོང་གསེབ་ཀྱི་སྡོད་ཁང་ཆ་རྐྱེན་གྲོང་ཁྱེར་དང་ཆ་ཡིན”ཞེས་ལོ་གཉིས་གོང་ལ་སྡོད་ཁང་མཛེས་བཟོ་བྱས་པའི་ལོ་26ལ་སླེབས་པའི་གྲོང་མི་ཧྲི་ཁྲུན་ཡུང་གིས་བཤད།
འཚོ་བ་སྐྱེལ་སྟངས་ཐད་ཀྱི་འགྱུར་ལྡོག་ནི་གྲོང་གསེབ་ཀྱི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་ལས་བྱུང་བ་ཡིན། ཧྲི་ཁྲུན་ཡུང་གི་ཁྱིམ་ནས་ཐོན་ཚེ་ཐག་མི་རིང་བའི་སར་སྨན་རྩྭ་ཟི་ར་སེར་པོ་བཏབ་པ་མཐོང་ཐུབ། ལོ་70ལ་སླེབས་པའི་ཆི་ཅན་ཅེ་ཁྱོ་ཤུག་གཉིས་ཀྱིས་ཟི་ར་སེར་པོ་བསྡུ་ཡི་ཡོད་མོད། གསར་འགོད་པ་ཚུར་ཡོང་བ་མཐོང་བས་ལས་ཀ་བྱེད་མཚམས་བཞག་ནས་ཁ་བརྡ་བྱས།
“ཁྱེད་ཀྱིས་བལྟས་ན་ཟི་ར་སེར་པོ་ལྕོག་འདིར་དངུལ་ག་ཚོད་རག་གི་རེད”“སྨན་རྩྭ་འདི་ཁོ་ནར་སྒོར་1800རག་གི་རེད”ཅེས་ཆི་ཅན་ཅེས་བཤད།
ཀྲུང་གོ་བཟོ་སྐྲུན་ཚོགས་པ་ནས་ཁང་ལེ་རྫོང་ལ་གནས་སྦྱར་བྱེད་མཁན་རྫོང་དཔོན་གཞོན་པ་ཤུའེ་ལུའུ་ཡིས། ཉེ་བའི་ལོ་ཤས་རིང་། གྲོང་མི་ཚོས་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་དང་། བ་ཕྱུགས་དང་ལུག་གསོ་ཚགས། ཕྱིར་ལས་ཀ་བྱེད་པར་སྐྱོད་པ་སོགས་བརྒྱུད་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་ཅེས་བཤད་པ་རེད།
རྨ་ཆུའི་སྟོད་རྒྱུད་ནི་དེ་སྔ་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་བྱེད་ཁོངས་གལ་ཆེན་ཞིག་ཡིན་མོད། ད་ཆ་འདི་གར་སླར་ཡང་སླེབས་སྐབས་གྲོང་གསེབ་མཛེས་སྡུག་ལྡན་པ་དང་། ཐོན་ལས་སྣ་ཁ་མང་བ། སྐྱེ་ཁམས་སྔོ་ལྗང་དུ་གྱུར་པ་སོགས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་མཚར་སྡུག་རྣམ་པར་བཀྲ་པའི་སྣུམ་ཚོན་རི་མོ་ལྟ་བུ་ཞིག་ཏུ་གྱུར་འདུག གསར་འགོད་པར། སྔོན་ཆད་ཧ་ཅང་དབུལ་ཕོངས་ཡིན་པའི་རྨ་ཆུའི་སྟོད་རྒྱུད་འདི་ཉིད་ད་ཆ་གྲོང་ཚོ་མཛེས་སྡུག་ལྡན་པ་དང་། མང་ཚོགས་འབྱོར་ཕྱུག་ལྡན་པ། ཐོན་ལས་དར་ཞིང་རྒྱས་པ་བཅས་ཀྱི་ཕྱོགས་སུ་འབད་འཐབ་ཆེན་པོས་མདུན་སྐྱོད་བྱེད་པའི་མྱོང་ཚོར་ཟབ་མོ་བྱུང་།
