འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྡིག་སྲིན་5380རྩད་ཆོད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་13ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་ཆར། ཀོང་ཀྲོའུ་འགག་སྒོས་ཀོང་ཀྲོའུ་པའེ་ཡུན་གནམ་ཐང་གི་མཁའ་འགྲུལ་འགག་སྒོར་སྒྲིག་འགལ་ངང་ནང་འདྲེན་བྱས་པའི་“སྡིག་སྲིན་གདོན་ཅན”ཁག་གཅིག་རྩད་ཆོད་པ་དང་། ཁྱོན་5380ཡོད་པ་རེད། 
   ཀོང་ཀྲོའུ་འགག་སྒོའི་ཁོངས་སུ་གཏོགས་པའི་ཀོང་ཀྲོའུ་པའེ་ཡུན་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཉེན་ཁ་ཚོད་འཛིན་གྱི་བཀའ་ལྟར་ནང་འདྲེན་བྱས་པའི་ལྟད་མོར་སྤྱོད་པའི་སྡིག་སྲིན་ཁག་གཅིག་ལ་བརྟག་ཞིབ་བྱས་པ་རེད། འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་ཐོ་འགོད་ཆ་འཕྲིན་ངོར་དངོས་ཟོག་གི་ཚད་གཞིའི་རེའུ་མིག་ཏུ“སྡིག་སྲིན་ཁྲག་འཇིབ་ཀྱི་རིགས”བྲིས་ཡོད་པ་མཐོང་ཞིང་། དེ་ནི་ཁེ་ལས་ཀྱིས་ཐོ་འགོད་བྱས་པའི་སྡིག་སྲིན་ཚན་ཁག་དང་མི་མཐུན་པ་མ་ཟད། འབྲེལ་ཡོད་ཀྱི་ཆོག་མཆན་སྤྲད་པའི་ཆུར་གནས་སྲོག་ཆགས་ཀྱི་མིང་ཐོའི་ནང་ཚུད་མེད།
    ཡུལ་དངོས་སུ་འབྲེལ་ཡོད་མི་སྣས་སྔར་བས་ཞིབ་བཤེར་བྱས་པ་བརྒྱུད། དངོས་ཟོག་ཁག་དེར་ཁྱོན་སྡིག་སྲིན་6245ཡོད་པ་དང་། མདོག་སྣ་ཚོགས་ཡོད་པ་མ་ཟད་རིགས་ཀྱང་མི་འདྲ། རིང་ཚད་ལི་སྨི་3ཙམ་ཡོད། མང་ཆེ་བ་ཕྱི་གསལ་ནང་གསལ་གྱི་སྒམ་ཆུང་ནང་བླུགས་ཡོད། ཆེད་ལས་སྒྲིག་གཞིས་དབྱེ་འབྱེད་བྱས་པ་བརྒྱུད། སྡིག་སྲིན་ཁག་དེའི་ཁྲོད་དུ་ནང་འདྲེན་བྱ་མི་ཆོག་པའི་སྡིག་སྲིན་ཁྲག་འཇིབ་ཀྱི་རིགས11ཡོད་པ་གཏན་འཁེལ་བྱུང་བ་དང་། ཁྱོན་5380ཡོད་པ་རེད།
    འགག་སྒོ་ལས་ཁུངས་ཀྱིས། 《སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས》དང《རྒྱལ་མཚམས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་བརྟག་ཞིབ་སྐོར་གྱི་བཅའ་ཁྲིམས》 དེ་བཞིན་དེའི་ལག་བསྟར་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་།“ཆོག་མཆན་མ་ཐོབ་པར་ཕྱི་ཕྱོགས་ཀྱི་སྲོག་ཆགས་དང་རྩི་ཤིང་རང་དགར་ནང་འདྲེན་བྱེད་མི་ཆོག་པ”དང་“གསོན་པོའི་སྲོག་ཆགས་དང་རྩི་ཤིང་རྒྱལ་ནང་དུ་འཁྱེར་མི་ཆོག་པ་དང་སྐུར་མི་ཆོག་པའི”དྲན་སྐུལ་བྱས་པ་རེད། གཏན་འབེབས་ལས་འགལ་ཚེ་འགག་སྒོས་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།