༄༅།།ཡུན་ནན་ལྕགས་ལམ་ཚོགས་པ་ཀུང་སིས་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་82མང་དུ་བཏང་ནས་འགྲུལ་པ་ཚུར་ལོག་བྱེད་རྒྱུར་རམ་འདེགས་བྱས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 10ཚེས་11ཉིན། 13:42】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་10ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་6ཉིན་ཡུན་ནན་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་གུང་གསེང་རིང་འགྲུལ་པ་ཚུར་ལོག་བྱེད་མང་བའི་དུས་བསུས་ཤིང་། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་82མང་དུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་སྐྱེལ་འདྲེན་གྱི་དགོས་མཁོ་བསྐངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ལྕགས་ལམ་ཁུན་མིང་ཅུས་ཀྱིས་ལྕགས་ལམ་གྱི་12306གྲངས་གཞི་ཆེ་མོར་བརྟེན་ནས་མེ་འཁོར་སྤ་སེ་སྔོན་ཚོང་གི་གནས་ཚུལ་དང་། སྡོད་མཁན་མང་བའི་མེ་འཁོར་ཐེངས་གྲངས་ལ་འགྲུལ་པ་སྡོད་ཚད་ལ་དོ་ཁུར་དམ་ཟབ་བྱེད་པ་དང་། “ཉིན་གཅིག་ལ་འཆར་གཞི་གཅིག”ལག་བསྟར་གནད་འཁེལ་བྱས་ནས་ཁུན་མིང་ནས་ཏ་ལི་དང་། ལི་ཅང་། ཕུ་ཀྲེ་ཧེ། པའོ་ཧྲན། ལིན་ཚང་། ཤིས་ཧྲོང་པན་ནཱ་སོགས་ཡུལ་སྐོར་མང་བའི་ཁུལ་དུ་ཤུགས་འགྲེམས་མེ་འཁོར་53མང་དུ་བཏང་བ་དང་། ཁུན་མིང་ནས་པའོ་ཧྲན་དང་། ཧོ་ཁའུ། མོང་ཙེ། ཆུས་ཅིང་། ཤོན་ཝུའེ་སོགས་ཕྱོགས་སུ་སྐྱོད་མཁན་མྱུལ་དལ་འགྲུལ་སྐྱེལ་མེ་འཁོར་29མང་དུ་བཏང་ཡོད་པ་རེད།
ལྕགས་ལམ་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་མེ་འཁོར་ལ་སྡོད་མཁན་འགྲུལ་པ་མང་བས་འགྲུལ་པ་རྣམས་ཀྱིས་འགྲོ་སྐྱོད་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། གཏན་འབེབས་གཞིར་བཟུང་ལུས་འབྱར་དངོས་པོ་འཁྱེར་བ། མེ་འཁོར་ལ་འཛུལ་བའི་དུས་ཚོད་འདང་ངེས་ཡོད་པ། ལམ་བར་དུ་རང་ངོས་ཀྱི་བདེ་ཐང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཡ་རབས་ངང་ཕྱིར་སྐྱོད་པ་བཅས་བྱས་ནས་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།
(པ་ཚེས་བསྒྱུར། པ་ཚེ་དང་པད་ཆོས་ཀྱིས་ཞུས)
