༄༅།།བེད་སྤྱོད་དོ་དམ་ཐབས་ལ་འབད། མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད།
—— རྨ་ཆུའི་ཆུའི་ཐོན་ཁུངས་བེད་སྤྱོད་ལ་ལྟ་ཞིབ་བྱས་པའི་སྐོར་བཀོད་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 10ཚེས་11ཉིན། 10:39】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གསེར་ལྡན་སྟོན་གྱི་དུས་སུ་རྨ་ཆུའི་འགྲམ་ངོགས་ཀྱི་ལོ་ཏོག་ལ་འབྲས་བུ་ཁུར་དུ་ལྕི། མ་ཡུམ་གཙང་པོས་ཚད་ཡོད་ཀྱི་ཆུའི་ཐོན་ཁུངས་ལ་བརྟེན་ཏེ་རྨ་ཆུའི་ངོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ཡུལ་ལུང་དུ་ཆབ་རྒྱུན་གྱིས་བརླན་ནས་ངོགས་གཉིས་སུ་ཕན་བདེའི་དངོས་གྲུབ་བསྩལ་ཡོད།
ཉེ་བའི་ལོ་ཤས་རིང་། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་ཆུའི་ཐོན་ཁུངས་དེ་བཙན་ཐབས་འཆུན་འདོམས་བྱེད་ས་ནན་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུར་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུར་བརྟེན་ནས་ས་ཆ་གཏན་འཁེལ། ཆུར་བརྟེན་ནས་མི་གཏན་འཁེལ། ཆུར་བརྟེན་ནས་ཐོན་ལས་གཏན་འཁེལ་བཅས་བྱས་ཡོད། ཆུ་རྒྱུག་ཁུལ་དུ་ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱེད་པ་དང་། ལུགས་དང་མི་མཐུན་པའི་ཆུ་སྤྱོད་དགོས་མཁོ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ“ཆུ་སྤྱོད་པའི་དཀའ་ངལ”སེལ་ཆེད་ཕན་ནུས་ལྡན་པའི་ཇུས་གཞི་མཁོ་འདོན་བྱས་ཡོད།
ཆུ་གང་ལེགས་སྤྱད་པ་སྟེ།
ཆུ་གྲོན་ཆུང་ཡོང་བར་རབ་ཏུ་གཞོལ།
རྨ་ཆུ་སྤྱོད་མང་ཤོས་ནི་ཞིང་ལས་ཐད་ཡིན་པས་རྨ་ཆུ་སྤྱོད་ཚད་སྤྱི་འབོར་གྱི་90%ཟིན་གྱི་ཡོད། 2020ལོ་ནས་བཟུང་། ཉིང་ཞ་ཡིས་ཞིང་ལས་ཐད་ཆུ་སྤྱོད་ཚད་ཉུང་དུ་བཏང་ནས་ཞིང་ལས་ཟུར་སྣོན་རིན་ཐང་མཐོ་བའི་ཕྱོགས་སུ་གཞན་སྒྱུར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ད་ཆ་ཆུ་གྲོན་ཆུང་གི་ཞིང་ལས་དེ་ས་གནས་དེ་གའི་ཞིང་ལས་ཐོན་འཕར་དང་ཞིང་པའི་འབབ་འཕར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ཆུ་སྤྱོད་ཐད་ཀྱི་ས་གནས་དེ་གའི་མང་ཚོགས་ཀྱི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
འདི་ལོའི་ཟླ་8ཚེས་10ཉིན་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་དབང་ཉོ་ཚོང་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་ཆུའི་ཐོན་ཁུངས་དེ“ཆུའི་ཚོང་ཟོག”ཏུ་གྱུར་ནས་ཆུ་དབང་ནང་བཤུག་བཏང་བ་དེས་རྨ་ཆུའི་རྒྱུད་ཀྱི་ས་ཁུལ་འཕེལ་རྒྱས་འགྲོ་བར“ཆུའི་སྒུལ་ཤུགས”རྒྱུན་ཆད་མེད་པར་བསྣན་ཡོད།
ཆུ་ཐིགས་རེ་རེ་ལས་མི་མངོན་པའི་ནུས་པ་དེ་བས་ཆེ་བ་ཐོན་ཐུབ་ཆེད། རྨ་ཆུ་ཆུ་བེད་ཚན་རིག་ཞིབ་འཇུག་ཁང་གིས་ཞིབ་སྤེལ་བྱས་པའི་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་གི་གྲངས་གཞིའི་ལས་སྟེགས་ཀྱིས་ཀྱང་ནུས་པ་ཆེན་པོ་འདོན་བཞིན་ཡོད་པ་རེད། མིག་སྔར། ཧོ་ནན་དང་ཧྲན་ཏུང་གི་རྨ་ཆུ་ཞིང་ཁར་འདྲེན་ཁུལ་ཁག་གཅིག་ལ་གྲངས་འཛིན་ཅན་གྱི་ཐན་སྐྱོན་དང་བཞའ་ཚད་ལ་ལྟ་ཞིབ་ཚད་ལེན་ཐུབ་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་ཆུ་འདྲེན་གཏོང་གི་ལས་ཕྱོད་ཆེ་རུ་བཏང་ནས་གྲོན་ཆུང་དང་ནུས་ཆེའི་ངང་ཆུ་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
ཆུར་དོ་དམ་ཡག་པོ་བྱས་པ་སྟེ།
ཆུ་སྤྱོད་རྒྱུ་གོ་ཆོད་ཡོང་བར་བྱས།
རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དུ་བསྒྱུར་ཚུན། “ཆུར་བརྟེན་ནས་གཏན་འཁེལ་བྱེད་པ་བཞི”ཡིས་ཆུ་རྒྱུག་ཁུལ་གྱི་ཆུ་སྤྱོད་ལ་མཐའ་ཚད་བཟོས་ཡོད། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་ཆུ་ནུས་ལྡན་ངང་སྤྱད་དེ་གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད།
ལོ་ལྟར་གཙང་ཆུ་དང་བྱེ་མ་ཁ་སྒྱུར་བྱེད་སྐབས། རྨ་ཆུས་ཆུ་མདོའི་ཟུར་གསུམ་གླིང་དུ་ཆུ་མཁོ་འདོན་ངེས་ཅན་བྱེད་ཀྱི་ཡོད། 2019ལོ་ཚུན། རིམ་རྩིས་བྱས་ན་རྨ་ཆུས་ཆུ་མདོའི་ཟུར་གསུམ་གླིང་གི་འདམ་རའི་སྐྱེ་ཁམས་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་8.68ཁ་གསབ་བྱས་པ་དང་འདམ་རའི་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད།
རྨ་ཆུ་ནི་ཐོན་ཁུངས་རང་བཞིན་གྱི་ཆུ་དཀོན་པའི་ཆུ་བོ་ཞིག་ཡིན། རྨ་ཆུ་རྒྱུག་ཁུལ་དུ་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་2%ཙམ་ལས་མེད་ཀྱང་རྒྱལ་ཡོངས་ཀྱི་མི་འབོར་གྱི་12%དང་། རྨོ་ཞིང་གི་17% གྲོང་ཁྱེར་ཆེ་འབྲིང་50ལྷག་ཙམ་ལ་ཆུ་མཁོ་འདོན་བྱེད་ཀྱི་ཡོད། 1972ནས་1999ལོའི་བར། ཆུ་རྒྱུག་ཁུལ་དུ་ཆུ་ཇེ་ཉུང་དུ་སོང་བ་དང་ཆུ་སྤྱོད་མང་དུ་སོང་སྟེ་རྨ་ཆུ་ལོ་22རིང་རྒྱུག་མཚམས་ཆད་ཡོད། བཅོས་སྐྱོང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། ཆུ་རྒྱུག་ཁུལ་གྱི་ཆུ་སྤྱོད་ཚད་མང་དྲགས་པའི་རྣམ་པར་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། པོ་ཧའེ་རྒྱ་མཚོའི་ནང་ཆུ་རྒྱུག་ཚད་ལོ་རེར་ཆ་སྙོམས་10%ཙམ་འཕར་བ། ལྷག་པར་དུ་རྨ་ཆུའི་ཆུ་འབོར་ལ་གཅིག་གྱུར་བཀོད་གཏོང་བྱས་རྗེས། ལོ་24བསྟུད་མར་རྨ་ཆུ་རྒྱུན་མི་ཆད་པར་རྒྱུག་ཐུབ་པ་བྱུང་ཡོད།
མིག་སྔའི་བར། ཆུ་རྒྱུག་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་ལ་ས་ངོས་ཀྱི་ཆུའི་ཤོང་ཚད་ལས་བརྒལ་བའི་ས་ཁུལ་དང་གྲོང་ཁྱེར་13དང་ས་འོག་གི་ཆུའི་ཤོང་ཚད་ལས་བརྒལ་བའི་རྫོང་62ཡོད་པར་ཆུ་ལེན་ཆོག་པའི་ཆོག་འཐུས་གསར་པ་གནས་སྐབས་མཚམས་འཇོག་བྱས་པ་དང་རྫོང་རིམ་པའི་སྲིད་འཛིན་ཁུལ་448ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་ཀྱི་ཚད་གཞི་ལོན་ཡོད་པ་རེད།
ཆུ་ཡག་པོ་བསྲུངས་པ་སྟེ།
ཆུ་འགོ་དང་ཆུ་ཕྲན་གང་ལེགས་བསྲུངས།
ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ཉེ་བའི་ལོ་ཤས་རིང་། རྨ་ཆུ་རྒྱུག་ཁུལ་གྱི་ཆུ་སྤུས་ལེགས་པའི་བསྡུར་ཚད་ལོར་ཆ་སྙོམས་འཕར་ཚད་5%ལས་བརྒལ་བ་དང་། 2022ལོར་རྨ་ཆུའི་ཆུ་གཞུང་ཡོངས་སུ་ཆུ་སྤུས་རིགས་IIཐོག་མར་མངོན་འགྱུར་བྱུང་ཡོད་པ་རེད། རྨ་ཆུའི་ཆུ་གཞུང་གི་ཆུའི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དེ་ཆུ་ཕྲན་བཅོས་སྐྱོང་དང་ཁ་འབྲལ་ཐབས་མེད།
2022ལོར་རྨ་ཆུའི་ཧོ་ནན་དུམ་བུ་ནས་ཧྲན་ཏུང་དུ་རྒྱུག་པའི་ཆུ་སྤུས་ཀྱི་ཚད་གཞི་རིགས་IIཡན་རྒྱུན་འཁྱོངས་ཐུབ་པ་དང་། སྦགས་བཙོག་དངོས་པོ་གཙོ་བོ་བརྟན་པོའི་ངང་ཉུང་དུ་ཕྱིན་པས། ཧྲན་ཏུང་གིས་ཧོ་ནན་ལ་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.26སྤྲད་པ་རེད།
“འབྱུང་རྩ་ནས་བཅོས་སྐྱོང་ཡག་པོ་བྱས་ཏེ‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’བརྟན་དུ་གཏོང་བ་ནི་གཙང་པོའི་ཆུ་རྒྱུན་ཤར་དུ་རྒྱུག་ཐུབ་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་རེད”ཅེས་སྐྱེ་ཁམས་ཁོར་ཡུག་པུའུ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ཧྥན་ཀྲི་ཧུའེ་ཡིས་བཤད།
རྨ་ཆུའི་ཆུ་འགོ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་གནས་ཤིང་། དེ་སྔོན་ས་ཆ་དེ་གའི་སྐྱེ་ཁམས་ཁོར་ཡུག་ཇེ་ཞན་དུ་སོང་བའི་དབང་གིས་1996ལོར་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་བར་ཆུ་རྒྱུན་ཆད་པའི་སྣང་ཚུལ་ཐོག་མར་ཐོན་པ་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་མ་དངུལ་སྒོར་དུང་ཕྱུར་11ལྷག་ཙམ་བཏང་ནས་སྐྱེ་ཁམས་སླར་གསོ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཤིང་། འབྲོག་པ་དེ་བས་མང་བར་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་ཏེ་རང་འགུལ་ངང་རྩྭ་ས་ཉམས་གསོ་ཡོང་བར་གཞོལ་ཡོད། མིག་སྔར་རྨ་ཆུའི་ཆུ་འགོའི་ཆུ་རྩ་གསོ་ནུས་ཟམ་མི་ཆད་པར་ཆེ་རུ་སོང་ནས་མཚོ་མཚེའུ་ཡི་གྲངས་འབོར་དེ་སྔའི་4077ནས་5849བར་མང་དུ་ཕྱིན་པ་དང་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་104མང་དུ་ཕྱིན་ཡོད་པ་རེད།
མིག་སྔར། རྨ་ཆུའི་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱ་རྒྱུ་དེ་འདུ་ཤེས་ནས་བྱེད་སྟངས་བར་རྩ་བའི་འགྱུར་ལྡོག་བྱུང་བ་དང་། རྨ་ཆུ་རྒྱུག་ཁུལ་གྱི་ཆུ་གྲོན་ཆུང་དང་ཚོད་འཛིན་གྱི་བྱ་སྤྱོད་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ་མ་ཟད། འགྲམ་ངོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་ཚད་མཐོ་རུ་ཤུགས་ཆེན་གཏོང་བཞིན་ཡོད། “2025ལོར་སླེབས་སྐབས་རྨ་ཆུ་རྒྱུག་ཁུལ་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི་ཡི་ཆུ་སྤྱོད་ཚད་དེ་2020ལོ་དང་བསྡུར་ན་16%ཆག་རྒྱུ་དང་ཞིང་ནང་དུ་ཆུ་འདྲེན་པའི་བཏགས་གྲངས་0.58བར་མཐོ་རུ་བཏང་ནས་ཆུ་རྒྱུག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྩིས་ཡོད”ཅེས་རྨ་ཆུའི་ཆུ་བེད་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ཀྲེན་ཀྲོའུ་ནས་ཟླ་10ཚེས་9ཉིན་འབྱོར་བའི་གློག་འཕྲིན)
