འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨེ་ཤེ་ཡའི་ཞི་བདེ་དང་། མཐུན་སྒྲིལ། བསྟུན་མཁས་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།

—— ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་མཇུག་འགྲིལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་10ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་10ཚེས་8ཉིན་གྱི་དགོང་མོར། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མཇུག་འགྲིལ་མཛད་སྒོ་ཀྲེ་ཅང་དུ་གཟབ་རྒྱས་ངང་འཚོགས་པ་རེད། སྤྲོ་སེམས་འཁོལ་བའི་རོལ་དབྱངས་དང་སྨོན་འདུན་བཟང་པོའི་ཁྲོད་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བ་རེད།
     འདས་ཟིན་པའི་ཉིན་16ནང་། ཧང་ཀྲོའུ་ཡིས་འཛམ་གླིང་ལ“ཀྲུང་གོའི་ཁྱད་ཆོས་དང་། ཨེ་ཤེ་ཡའི་ཉམས་འགྱུར། ངོ་མཚར་ཆེ་བ”བཅས་ཀྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་གཉེར་ནས་ཨེ་ཤེ་ཡའི་ལུས་རྩལ་པར་ཉམས་འགྱུར་མངོན་སའི་གར་སྟེགས་ཤིག་གཏོད་པ་དང་། ཨེ་ཤེ་ཡ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་བ། ཨེ་ཤེ་ཡའི་མི་དམངས་ཀྱི་མཐུན་སྒྲིལ་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཨེ་ཤེ་ཡ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་སྒུལ་ནུས་གསར་པ་བསྣན་ཡོད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་དེ་ནི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་བཀྲག་མདངས་འཚེར་ས་ཞིག་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་འཕེལ་རྒྱས་འགྲོ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད།
     ལུས་རྩལ་གྱིས་ཚད་བརྒལ་ཡོང་བའི་དཔང་རྟགས་བྱས། འབད་བརྩོན་གྱིས་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཟིན་ཐོ་གསར་པ་གཏོད་པའི་མཐར་སོན་གྱི་འགྲན་སློང་རེ་རེ་དང་། རང་ཉིད་ཀྱི་གྲུབ་འབྲས་ལེགས་ཤོས་ལས་བརྒལ་བའི་མདུན་སྐྱོད་གོམ་པ་རེ་རེ། ནམ་ཡང་བློས་མི་གཏོང་བའི་མི་སེམས་འགུལ་བའི་བྱ་བ་རེ་རེ་ལ་སོགས། ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་45ནས་ཡོང་བའི་འཐུས་མི་ཚོགས་པའི་ལུས་རྩལ་པ་ཁྲི་1.2ལྷག་ཙམ་གྱིས་ནུས་ཤུགས་ཡོད་རྒུས་གྲུབ་འབྲས་ཡག་ཤོས་བཏོད་ནས་རྩལ་འགྲན་ལུས་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ཨེ་ཤེ་ཡའི་ལུས་རྩལ་ལས་རིགས་ཀྱི་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་མངོན་པ་དང་འབྲེལ་ཨོ་ལིམ་ཕིག་གི་སྙིང་སྟོབས་ཀྱང་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པ་དང་། ལུས་རྩལ་པ་ཚོས་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཕུལ་བྱུང་བརྩོན་ལེན་བྱེད་པ། འབད་འབུངས་ཡར་བརྩོན་བྱེད་པ་བཅས་བྱས་པས་ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཡག་པོ་ཐོབ་པ་དང་། མི་དམངས་དུང་ཕྱུར་མང་པོ་རྒྱང་ལམ་གསར་པར་དཔའ་ངར་ཆེར་སྐྱེད་ཀྱིས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་འཕེལ་བར་བྱས་ཡོད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས་རང་རྒྱལ་གྱིས་གྲུབ་འབྲས་ཐོབ་པའི་ངང་གཉེར་བའི་གཞི་ཁྱོན་ཆེ་ཤོས་དང་ཆུ་ཚད་མཐོ་ཤོས་ཀྱི་རྒྱལ་སྤྱིའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཞིག་རེད། འགྲན་ར་ཡོངས་ལ་ལྗང་མདོག་གློག་མཁོ་འདོན་ཐེངས་དང་པོ་བྱས་པ་དང་། ལྗང་མདོག་ཁྲུན་ཀ་པའི་འབུད་རྫས་སྤྱད་དེ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོ་ཐེངས་དང་པོར་སྤར་བ་ནས་ཐཱན་ཚད་སྙོམ་སྦྱོར་གྱི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དང“སྙིགས་མེད”འགྲན་བསྡུར་ཆེ་གྲས་ཐོག་མ་བཏོད་པའི་བར་དང་། འགོ་ཚུགས་མཛད་སྒོའི་ཐོག“གྲངས་འཛིན་དཔལ་འབར་འཁྱེར་མཁན”དང་། “གྲངས་འཛིན་ཤོག་སྦག་ཚོན་ཁྲ་ཅན”གོ་ལ་ཧྲིལ་པོར་བེད་སྤྱོད་བྱས་པ་ནས་རྒྱ་ཆེའི་དང་བླངས་པས་སྤྲོ་སེམས་འཁོལ་བའི་ངང་ཞབས་འདེགས་ཞུས་པ་དང་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་ཕུལ་བའི་བར་སོགས“ལྗང་མདོག་དང་། རིག་སྟོབས། གྲོན་ཆུང་། ཤེས་དཔལ”བཅས་ཀྱི་འགྲན་བསྡུར་གཉེར་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་རྩེར་སོན་གྱི་འགྲན་རའི་སྒྲིག་བཀོད་དང་། ཐོགས་པ་མེད་པའི་འགྲན་བསྡུར་སྒྲིག་འཛུགས། འཐུས་སྒོ་ཚང་བའི་ཞབས་ཞུ་འགན་ལེན་བཅས་ལ་བརྟེན་ནས་འཛམ་གླིང་ལ་སྙན་ངག་གི་བརྗོད་དོན་གྱིས་ཕྱུག་ཅིང་རི་མོ་ལྟར་མཛེས་པའི་ཀྲེ་ཅང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་དང་ཀྲུང་གོའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་པར་བྱས་ཡོད།
     ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་དོན། “ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་ཨེ་ཤེ་ཡའི་མི་དམངས་ཀྱིས་ཞི་བདེ་དང་། མཐུན་སྒྲིལ། བསྟུན་མཁས་བཅས་ལ་བཅངས་པའི་མཛེས་སྡུག་ལྡན་པའི་འདུན་པ་མཚོན་ཡོད” སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མིང་ཐོ་འགོད་ཁྱོན་དང་རྣམ་གྲངས་ཀྱི་གྲངས་འབོར་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དེ་ཐོག་ནས་ཨེ་ཤེ་ཡའི་མི་དམངས་ཀྱིས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་རེ་སྒུག་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་ལུགས་མཚོན་ཡོད། སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་ད་དུང་ཨེ་ཤེ་ཡའི་ཁྱད་ཆོས་ཟབ་མོ་ལྡན་པའི་འགྲན་བསྡུར་རྣམ་གྲངས་མང་པོ་བཀོད་སྒྲིག་བྱས་ནས་ལུས་རྩལ་དང་རིག་གནས་སྤེལ་རེས་ལ་གར་སྟེགས་མཁོ་འདོན་བྱས་པ་དེ་ནི་ཨེ་ཤེ་ཡའི་རིག་གནས་མཉམ་འདུས་མཉམ་གསོག་དང་། ཀུན་གྱི་ལེགས་ཆ་འཚོལ་བསྡུ། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་ཚེ་གཞི་ནས་ཨེ་ཤེ་ཡའི་ཞི་བདེ་དང་། མཐུན་སྒྲིལ། བསྟུན་མཁས་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཐུབ་ངེས་ཡིན་པ་གང་ལེགས་མཚོན་ཡོད།
     མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་མིའི་རིགས་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྔར་བྱུང་མྱོང་མེད་པ་ཞིག་ཡོད། མིག་སྔའི་ཉམས་ཉེན་ལ་ཁ་གཏད་འཇལ་བའམ་ཡང་ན་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་གང་ཞིག་ཡིན་རུང་མིའི་རིགས་ཚང་མས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱེད་དགོས། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནི་ཞི་བདེའི་དབང་གིས་བྱུང་བ་དང་ཞི་བདེའི་དབང་གིས་དར་བ་ཞིག་རེད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག“གཅིག་སེམས་གཅིག་འབྲེལ་གྱིས་འབྱུང་འགྱུར་ལ་དགའ་ཞེན་བྱེད”ཅེས་པ་འབོད་ཚིག་ཏུ་བྱས་ནས་ལུས་རྩལ་བརྒྱུད་ལམ་སྐྲུན་ཟམ་རྒྱག་བྱས་ཏེ། ས་ཁོངས་མི་འདྲ་བ་དང་ཤ་རྩི་མི་འདྲ་བའི་མི་རྣམས་ལ་ཞི་བདེ་དང་མཛའ་གྲོགས་ཀྱི་སྤེལ་རེས་ལས་སྟེགས་གཏོད་པ་དང“མཉམ་དགའ་དང་། མཉམ་གནས། མཉམ་སྤྱོད”བཅས་ཀྱི་དུས་རབས་ཀྱི་གསུང་སྒྲ་ཆེན་པོ་བསྒྲགས་ནས་ཨེ་ཤེ་ཡའི་མི་དམངས་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་དགོས། ལུས་རྩལ་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་བཏང་སྟེ་ཁྱིམ་མཚེས་འཆམ་མཐུན་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་ཀྱིས་འཇམ་འཐབ་ཀྱི་བསམ་གཞིག་དང་དཔུང་ཁག་གི་འགྲན་རྒོལ་བཀག་འགོག་བྱས་ཏེ་ཨེ་ཤེ་ཡ་འདི་ཉིད་འཛམ་གླིང་ཞི་བདེ་བརྟན་ལྷིང་གི་རྩ་བ་ཞིག་ཏུ་གཏོད་དགོས་པ་དང་། ལུས་རྩལ་ལ་བརྟེན་ནས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ་ལོ་རྒྱུས་ཀྱི་གོ་སྐབས་སྟངས་འཛིན་དང་། མཉམ་ལས་ལ་བརྟེན་ནས་འགྲན་སློང་ལ་ཁ་གཏད་གཅོག་པ། “ནམ་ཡང་མདུན་སྐྱོད་བྱེད་པའི”ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལེགས་བཤད་ལག་བསྟར་བཅས་བྱས་ནས། ཐུན་མོང་འཕེལ་རྒྱས་དང་སྒོ་དབྱེ་མཉམ་འདྲེས་ཀྱི་ཨེ་ཤེ་ཡའི་ལམ་བུ་ཇེ་ཡངས་སུ་གཏོང་དགོས། ལུས་རྩལ་ལ་བརྟེན་ནས་བསྟུན་མཁས་ལ་སྐུལ་འདེད་བཏང་སྟེ་ཤེས་དཔལ་གྱི་གདེང་ཚོད་ཆེ་རུ་གཏོང་བ་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཨེ་ཤེ་ཡའི་ཤེས་དཔལ་གྱི་འོད་སྟོང་གསར་པ་མུ་མཐུད་གཏོད་དགོས་ཞེས་དུས་རབས་ཀྱིས་ང་ཚོར་འབོད་སྐུལ་བྱས་ཡོད།
     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཀྲུང་གོས་སྔར་ནས་ད་བར་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་པ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་ལས་དོན་ནང་ཧུར་ཐག་ཞུགས་ནས‘དེ་བས་མྱུར་བ་དང་། དེ་བས་མཐོ་བ། དེ་བས་སྟོབས་དང་ལྡན་པ། དེ་བས་མཐུན་སྒྲིལ་ལྡན་པ’བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་ལག་ལེན་བསྟར་བཞིན་ཡོད”འབྱུང་འགྱུར་ལ་ཕྱོགས་ནས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་ཨོ་ལིམ་ཕིག་བྱ་གཞག་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན།(ཉི་དོན་དང་དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)