འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྨ་ཁུགས་རྩྭ་ཐང་ཡངས། རྨ་ཆུའི་འབྲོག་གླུ་སྙན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་08ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བཀྲ་ཤིས་ཆོས་འཕེལ་གྱི་བུ་མོ་རིན་ཆེན་སྒྲོལ་མས་འོ་མ་འཇོ་བཞིན་པ།
འདི་ནི་བཀྲ་ཤིས་ཆོས་འཕེལ་གྱི་བུ་མོ་རིན་ཆེན་སྒྲོལ་མས་འོ་མ་འཇོ་བཞིན་པ།
    མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་འབྲེལ་མཚམས་ཀྱི་རྨ་ཆུའི་ངོགས་སུ“རྨ་ཁུགས་རྩྭ་ཐང”ཞེས་འབོད་པའི་རྩྭ་ཁ་ཤིན་ཏུ་བཟང་བའི་འབྲོག་ར་ཞིག་ཆགས། མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཆགས་པའི་མདོ་གསུམ་གྲོང་ཚོ་ནི་རྩྭ་ཐང་གི་ལྟེ་བའི་ཁུལ་དུ་གནས་པའི་གྲོང་ཚོ་ཆུང་ཆུང་ཞིག་རེད། ལོ་41ལ་སླེབས་པའི་འབྲོག་པ་བཀྲ་ཤིས་ཆོས་འཕེལ་དང་། བཟའ་ཟླ། བུ། བུ་མོ་བཅས་ནང་མི་བཞི་པོ་མཉམ་དུ་དེ་གར་འཚོ་བ་སྐྱེལ་བཞིན་ཡོད།
    བཀྲ་ཤིས་ཆོས་འཕེལ་ཁྱིམ་གྱི་དབྱར་དུས་འབྲོག་ར་རྨ་ཆུའི་ངོགས་སུ་ཡོད་ཅིང་། ཁོ་པས་འབྲི་གཡག་300ལྷག་ཙམ་དང་ལུག་400ལྷག་ཙམ་གསོས་པ་དང་ནང་མི་བཞི་པོའི་འཚོ་བ་སྟབས་བདེ་ལ་ལས་བྲེལ་ཅུང་ཆེ། ཞོགས་པ་ཁོང་གི་བཟའ་ཟླ་གདུགས་དཀར་སྐྱིད་དང་བུ་མོས་ཞོགས་ཟས་བཟས་རྗེས་འོ་མ་འཇོ་འགོ་ཚུགས། རྩྭ་ཆུ་བཟང་བའི་དུས་ལ་འོ་མ་ཐོན་ཚད་ཅུང་མཐོ་བ་སྟེ། ཉིན་གཅིག་ལ་འོ་མ་རྒྱ་མ་ལྔ་བཅུ་དྲུག་ཅུ་ཐོན་ཞིང་། དེ་ལས་བྱུང་བའི་མར་དང་འཕྱུར་བ་ཁྲོམ་རར་བྲིན་ཁ་རྒྱུག་པའི་སྐབས་སུ་ཡོང་འབབ་སྒོར་300ལྷག་ཙམ་ཡོང་གི་ཡོད།
    ཚགས་ཤ་དང་ལུག་ཤའི་རིན་གོང་ཡང་མཁོ་སྤྲོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་འཕར་ཆག་འགྲོ་ཡི་ཡོད་ཅིང་། ལུག་ཁོག་གཅིག་གི་རིན་གོང་ཧ་ལམ་སྒོར་1000ཙམ་ཡིན་པ་དང་ཚགས་ཤའི་རིན་གོང་དེ་ལས་ཅུང་མཐོ་བ་ཡོད།
    བཀྲ་ཤིས་ཆོས་འཕེལ་ཁྱིམ་གྱི་དབྱར་དུས་འབྲོག་རར“དབྱར་ས”ཡང་ཟེར། གནམ་གཤིས་རིམ་གྱིས་གྲང་དུ་ཕྱིན་ནས་ཟླ་བཅུ་པ་ཤར་རྗེས་ཁོ་ཚོ་དགུན་དུས་འབྲོག་ར“དགུན་ས”རུ་སྤོ་ཞིང་། བཟའ་ཟླས་འོ་མ་འཇོ་བའི་དུས་སུ་བཀྲ་ཤིས་ཆོས་འཕེལ་གྱིས་སྐབས་རེ་རྟ་བཞོན་པ་དང་སྐབས་རེ་སྦག་སྦག་བཞོན་ནས་ཕྱུགས་རིགས་འཚོ་བར་འགྲོ་ཡི་ཡོད།
    ད་ཆ་བདེ་འཇགས་ཡག་ལ་སྐྱེ་ཁམས་ཀྱང་ཡག་པོ་ཡོད་པས། བཀྲ་ཤིས་ཆོས་འཕེལ་ལ་ཕྱུགས་རིགས་རྐུ་ཤོར་བའི་སེམས་ཁྲལ་མེད་ཀྱང་སྤྱང་ཀིའི་ཁ་ལ་ཤོར་བའི་ཉེན་ཁ་ཅུང་ཆེ། ལོ་མང་རིང་གི་ཕྱུགས་འཚོའི་ཉམས་མྱོང་ལས་ཁོང་གིས་ལུག་ཁྱུའི་འགྲམ་དུ་སྤྱང་ཀི་ཡོད་མེད་ཚོར་ཞིང་། གལ་ཏེ་སྤྱང་ཀི་མེད་ཚེ་ཉིན་དགུང་ཁྱིམ་དུ་ལོག་སྟེ་ཁ་ལག་ཟ་བ་དང་། གལ་ཏེ་ཉེན་ཁ་ཡོད་ཚེ་ཁོ་པས་རང་ཉིད་ཀྱིས་ཁུར་བའི་ལམ་རྒྱགས་ཕྲན་བུ་བཟས་ཏེ་ནོར་ལུག་ལ་ལྟ་སྲུང་བྱས་ནས་སྡོད་ཀྱི་ཡོད།
     བཀྲ་ཤིས་ཆོས་འཕེལ་གྱི་བུ་བསོད་ནམས་རྒྱ་མཚོ་འདི་ལོ་ལོ་20ལ་སླེབས་ཤིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཀྲོའུ་འཕྲོད་བསྟེན་སློབ་གྲྭར་འགྲོ་གི་ཡོད་ཅིང་། འདི་ལོ་ལོ་རིམ་གཉིས་པ་ཡིན་པ་དང་། བུ་གསོའི་ཆེད་ལས་སྦྱོང་གི་ཡོད་པ་རེད། ལོ་18ལ་སླེབས་པའི་བུ་མོ་རིན་ཆེན་སྒྲོལ་མ་རྨ་ལྷོ་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་པ་དང་། དབྱར་གསེང་བཏང་རྗེས་མཐོ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པར་སླེབས་པ། སྦྱངས་འབྲས་ལེགས་པའི་ཁོ་མོའི་བསམ་འདུན་ཆེ་ཤོས་ནི་མཐོ་རིམ་སློབ་འབྲིང་ཐོན་རྗེས་ཁྲེང་ཏུའི་སློབ་ཆེན་ཞིག་ཏུ་བསྐྱོད་རྒྱུ་དེ་རེད། དབྱར་གསེང་རིང་ཕྲུ་གུ་ཚོས་ཁྱིམ་དུ་ཕྱུགས་འཚོ་རོགས་བྱེད་ཀྱི་ཡོད། དབྱར་དུས་རྩྭ་རའི་ཉེ་འགྲམ་གྱི་རྨ་ཆུ་དལ་བུར་རྒྱུག་པ་དང་། སྦྲ་གུར་གྱི་རྩེ་ནས་དུ་བ་ལང་ལོང་དུ་འཕྱུར་བ། ལྕི་བའི་མེ་འབར་བའི་ཐབ་ཀྱི་འགྲམ་དུ་བསྡད་པའི་བཀྲ་ཤིས་ཆོས་འཕེལ་གྱིས། རང་ཉིད་ཀྱི་འཚོ་བར་བློ་ཡིད་ཚིམ་བཞིན་དུ་ཕྲུ་གུ་ཚོས་སླད་ཕྱིན་ལས་ཀ་གང་ཞིག་འཚོལ་བ་ཕྲུ་གུ་སོ་སོའི་འདོད་པ་རེད། ངས་ཁོང་ཚོའི་འདོད་བློར་བརྩི་འཇོག་བྱེད་ཀྱི་ཡིན་ཞེས་བཤད།
【1】  【2】  【3】
འདི་ནི་བཀྲ་ཤིས་ཆོས་འཕེལ་གྱིས་ཕྱུགས་རིགས་འཚོ་བཞིན་པ།
འདི་ནི་བཀྲ་ཤིས་ཆོས་འཕེལ་གྱིས་ཕྱུགས་རིགས་འཚོ་བཞིན་པ།