འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“ཆུ་རྩ་གསོ་ཁུལ”དུ་གྲགས་པའི་སི་ཁྲོན་རྔ་པ་ཀྲོའུ་ཡིས་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་07ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤའོ་ལིན་དང་། ཝང་ཤིས། ཤེ་ཅའོ།
    སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཐང་སྐོར་གྲོང་རྡལ་གྱི་རི་འདབས་ནས་བལྟས་ན་དྭངས་ཤིང་གཙང་བའི་པའེ་ཧོ་ཆུ་བོ་གཡུ་འབྲུག་སྔོན་མོ་ཐང་ལ་འཁྱུག་པ་ལྟར་སྔོ་ལྗང་རྩྭ་ཐང་གི་གསེབ་ནས་དྲག་ཏུ་རྒྱུག་པའི་རྨ་ཆུར་འབབ་པ་མཐོང་ཐུབ། ཉེ་བའི་ལོ་ཤས་རིང་། རྔ་པ་ཀྲོའུ་ཡིས་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ལོ་ལྟར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་40ལྷག་ཙམ་ཟིན་པའི་གངས་ལྗོངས་ཀྱི་ཆུ་བོ་ཆེ་ཆུང་བརྒྱ་ལྷག་ཙམ་པའེ་ཧོ་ཆུ་བོ་སོགས་ཆུ་ཕྲན་གཙོ་བོ་བརྒྱུད་ནས་རྨ་ཆུར་འབབ་བཞིན་ཡོད། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། རྨ་ཆུའི་རྔ་པ་དུམ་བུའི་ཆུ་སྤུས་ལོ་འཁོར་མོ་ལེགས་པས་རྒྱལ་མཚམས་སྒྲོལ་བའི་བཅད་ངོས་ཀྱི་ཆུ་སྤུས་ལོན་ཚད་100%ཟིན་གྱི་ཡོད།
     རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་དང་གསབ་ཁུལ་གལ་ཆེན་ཞིག་ཡིན་པའི་རྔ་པ་ཀྲོའུ་ཡིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། 2012ལོ་ཚུན་དུ་རིམ་རྩིས་བྱས་ན་བྱེ་འགྱུར་ས་ཆ་མུའུ་ཁྲི་130བཅོས་སྐྱོང་བྱས་པ་དང་ཞན་འགྱུར་འདམ་ར་མུའུ་ཁྲི་31སླར་གསོ་བྱས་ཡོད།
     མཛོད་དགེ་རྫོང་གི་ཁོངས་སུ་གཏོགས་པའི་བྱམས་མེ་གྲོང་རྡལ་ཤིས་ཚང་གྲོང་ཚོའི་བྱེ་བཅོས་ས་ཚིགས་སུ་དེ་སྔའི་བྱེ་ཕུང་སྟེང“རི་མཐོའི་བྱེ་འགོག་ཡོལ་ཁེབས”ལས་གྲུབ་པའི་དྲ་མིག་ཅན་གྱི་སྔོ་ཁེབས་བཏབ་པས་ས་ཆ་མི་ཉུང་བ་ཞིག་ཏུ་སྔོ་ཐིང་ངེར་གྱུར་ཡོད། “རྩྭ་སྐྱེས་པ་མཐོང་སྐབས་ང་ཚོ་བློ་བདེ་པོ་འདུག” བྱེ་བཅོས་ནང་ཞུགས་མྱོང་བའི་ས་གནས་དེ་གའི་མང་ཚོགས་སྒྲོལ་མས་བྱེ་བཅོས་མ་བྱས་གོང་གཞུང་ལམ་གཡས་གཡོན་གཉིས་སུ་བྱེ་རྡུལ་འཚུབ་པ་མ་ཟད་ཁང་པའི་ཕྱི་ནང་གང་སར་ཐལ་རྡུལ་གྱིས་ཁེངས་ཀྱི་རེད་ཅེས་བཤད།
     བྱེ་བཅོས་ཕུད་སྐྱེ་ཁམས་བཅོས་སྐྱོང་གི་གཙོ་གནད་གཞན་ཞིག་ནི་འདམ་ར་སྲུང་སྐྱོང་བྱ་རྒྱུ་དེ་རེད། རྔ་པ་ཀྲོའུ་ཆུ་དོན་ཅུས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཀུང་ཀྲི་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཛོད་དགེའི་འདམ་ར་མཚོན་བྱེད་དུ་བྱས་པའི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་འདམ་རར་རྨ་ཆུར་འབབ་པའི་ཆུ་བོས་རྨ་ཆུའི་རྒྱུག་ཁུངས་ཧྲིལ་པོའི་ལོ་མང་རིང་གི་རྒྱུག་འབོར་གྱི་8.8%བཟུང་ཡོད། གནམ་གཤིས་འགྱུར་ལྡོག་དབང་གིས་ལོ་རྒྱུས་ཐོག་འབྲོག་ལས་འཕེལ་རྒྱས་གཏོང་ཆེད“ཡུར་བུ་འདྲུས་ནས་ཆུ་གཏོང་བ”དང“འདམ་ར་རྩྭ་ཁར་བྱེད་པ”སོགས་ལུགས་དང་མི་མཐུན་པའི་བྱེད་ཐབས་སྤྱད་པས་སྐབས་ཤིག་རིང་འདམ་ར་ཉམས་ཞན་ཚབས་ཆེན་ཕྱིན་ཡོད། མཛོད་དགེའི་འདམ་ར་ཆེ་ཤོས་ཏེ་མཚེའུ་མེ་ཏོག་མཚོའི་རྒྱ་ཁྱོན་སྐབས་ཤིག་རིང་སྤྱི་ཆིང་215བར་ཆུང་དུ་ཕྱིན་ཡོད།
     2010ལོ་ནས་བཟུང་ས་གནས་དེས་མེ་ཏོག་མཚོའི་འདམ་རའི་ཉམས་གསོའི་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་ཏེ། སྐྱེ་ཁམས་ཆུ་རགས་བསྐྲུན་པས་ཆུ་ཁ་ལི་སྨི་52མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་ལྟེ་བའི་ཁུལ་གྱི་འབྲོག་པར་ཕྱུགས་བཀག་དང་ཕྱུགས་འཚོ་ཚོད་འཛིན་གྱི་སྐྱེ་ཁམས་ཁ་གསབ་སྤྲད་པས་རྩྭ་ཕྱུགས་ཀྱི་འགལ་བ་ཞི་ལྷོད་ནུས་ལྡན་ཕྱིན་ཡོད། སྲུང་སྐྱོང་ཁུལ་དུ་ས་རུལ་སྔོག་འདོན་དང་སྒྲིག་འགལ་ངང་ཡུལ་སྐོར་སྒྲིག་བཀོད་བསྐྲུན་པ་སོགས་ཀྱི་བྱེད་སྤྱོད་ལ་བཀག་སྡོམ་ནན་པོ་བྱས་ཡོད།
     བཅོས་སྒྲིག་བྱས་པ་བརྒྱུད། མེ་ཏོག་མཚོའི་མཚོ་ཁ་དེ་སྔའི་ལྡབ་3བར་ཆེ་རུ་ཕྱིན་པ་དང་མེ་ཏོག་མཚོའི་འདམ་ར་དང་དེ་བཞིན་མཐའ་འཁོར་གྱི་འདམ་རྫབ་སྤྱི་ཆིང་892སླར་གསོ་བྱུང་ནས་དགུང་སྔོན་སྤྲིན་དཀར་འོག་ཏུ་འཕུར་ལྡིང་བྱེད་བཞིན་པའི་ཆུ་སྐྱར་སྐྱ་བོ་དང་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་འདབ་ཆགས་མང་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་ལྟ་ཞིབ་ཚད་ལེན་བྱས་པ་ལས་ར་སྤྲོད་བྱུང་བར། མཛོད་དགེའི་འདམ་ར་སྲུང་སྐྱོང་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་2010ལོའི་1000ལྷག་ཙམ་ནས་ད་ཆའི་2000ཡན་བར་མང་དུ་ཕྱིན་ཡོད།
     ལོ་གཅིག་དུས་བཞིར་འབྲི་གཡག་རྩྭ་ཐང་དུ་གློད་པ་ནི་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ཤིག་རེད། ད་ཆ་མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་བན་ཡུ་གྲོང་ཚོའི་འབྲོག་པས་འབྲི་གཡག་ཉིན་གང་མི་འཚོ་བར་ཉིན་ཕྱེད་ལྷས་རར་བཅུག་ནས་གཟན་ཆག་ཁ་སྣོན་བྱེད་ཀྱི་ཡོད། “ཕྱུགས་འཚོ་དང་། ལྟོ་སྣོན་སྟེར་བ། སྡོམ་གསོས་རྒྱག་པ”བཅས་ཟུང་དུ་སྦྲེལ་བའི་གསོ་ཚགས་བྱེད་ཐབས་དེ་རིགས་ཀྱིས་ས་མཐོའི་ཕྱུགས་རིགས་ཀྱི་ཆེད་ལས་གསོ་ཚགས་ལག་རྩལ་སྣ་ཚོགས་གཅིག་སྡུད་བྱས་པས། འབྲི་གཡག་གསོ་ཚགས་ཀྱི་མ་གནས་དམའ་རུ་ནུས་ལྡན་ཕྱིན་པ་དང་ཆབས་ཅིག་རྩྭ་ཐང་གི་སྐྱེ་ཁམས་གནོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་ཡོད།
    མིག་སྔར་རྔ་པ་ཀྲོའུ་ཡི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་82.9%ཟིན་ཡོད། 2022ལོར་སི་ཁྲོན་རྨ་ཆུའི་སྟོད་རྒྱུད་ཀྱི་མཛོད་དགེ་རྩྭ་ཐང་གི་འདམ་རའི་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་སྤེལ་འགོ་ཚུགས་ཤིང་། རྣམ་གྲངས་ཁུལ་གྱི་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་3.7ཟིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་བཏང་སྟེ་འབྱུང་རྩ་ནས་བརྒྱུད་རིམ་ལྡན་པའི་སྐྱེ་ཁམས་ཉམས་གསོ་དང་སྲུང་སྐྱོང་བྱ་རྩིས་ཡོད་པ་རེད།