༄༅།།ཧྥན་དབྱི་ཧྥེ་གཞུང་གཏུག་བྱས་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་28ཉིན། 13:09】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་གོའི་མི་དམངས་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན་དང་དངུལ་ཁང་གི་འགོ་འཛིན་གཞོན་པ་ཟུར་པ་ཧྥན་དབྱི་ཧྥེ་ཡིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་བ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བྱས་པ་བརྒྱུད། ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད། ཉེ་ཆར། ཧོང་ཀང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཧོང་ཀང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་ཡོད།
ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་རིམ་དུ་ཞུ་སྦྱོར་ཕྱི་མ་བ་ཧྥན་དབྱི་ཧྥེ་ལ་གཏུག་བཤེར་བྱེད་དབང་ཡོད་པ་བཅའ་ཁྲིམས་ལྟར་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་བར་འདྲི་རྩད་ཀྱང་བྱས་རྗེས་དག་འབུད་མཁན་གྱི་བསམ་འཆར་ཉན་འཇོག་བྱས་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱོན་འདོན་ཞུ་གཏུག་བྱས་དོན་དུ།
ཞུ་སྦྱོར་ཕྱི་མ་བ་ཧྥན་དབྱི་ཧྥེ་ཡིས་ཀྲུང་གོ་མི་དམངས་འཛུགས་སྐྲུན་དངུལ་ཁང་ཡིད་རྟོན་དངུལ་འཇོག་ཀུང་སིའི་ནོར་དོན་པུའུ་ཡི་ཅིང་ལི་དང་། སྤྱི་ཁྱབ་ཅིང་ལིའི་ལས་རོགས། མ་དངུལ་འཆར་འགོད་པུའུ་ཡི་ཀྲུའུ་རེན་གཞོན་པ། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་དངུལ་འཆར་འགོད་པུའི་ཀྲུའུ་རེན་གཞོན་པ། ནོར་དོན་རྩིས་གཉེར་པུའི་སྤྱི་ཁྱབ་ཅིང་ལི། འཆར་འགོད་ནོར་དོན་པུའུ་ཡི་སྤྱི་ཁྱབ་ཅིང་ལི། དངུལ་ཁང་གི་འགོ་འཛིན་ལས་རོགས། ཏང་ཨུད་ཀྱི་ཨུ་ཡོན། དངུལ་ཁང་གི་འགོ་འཛིན་གཞོན་པ། ཀྲུང་གོ་དངུལ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་ཧྲང་ཧའེ་དངུལ་ཁང་གི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་གཅིག་ལྕོགས། ཀྲུང་གོ་མི་དམངས་དངུལ་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན། དངུལ་ཁང་གི་འགོ་འཛིན་གཞོན་པ་བཅས་ཟུར་པའི་གོ་གནས་ཀྱི་སྟབས་བདེར་བརྟེན་པ་དང་། དེ་བཞིན་རང་ཉིད་ཀྱི་འགན་དབང་ངམ་ཡང་ན་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གཞན་པའི་གོ་གནས་ཐོག་གི་བྱེད་སྤྱོད་ལ་བརྟེན་ནས། འབྲེལ་ཡོད་སྡེ་ཚན་དང་སྒེར་པར་དངུལ་བུན་བཏང་ནས་མ་དངུལ་བསྡུ་སྒྲིལ་དང་། ལས་སྒོ་སྒྲུབ་འགན་ལེན་པ། ལས་ཀ་བསྒྱུར་བ་སོགས་ཀྱི་ཐད་རོགས་རམ་བྱས་ནས་ཁྲིམས་དང་འགལ་ཏེ་གཞན་གྱི་རྒྱུ་ནོར་དང་ལེན་བྱས་པ་གྲངས་འབོར་ལྷག་པར་ཆེ་བས་ལྐོག་རྔན་བླངས་པའི་བྱས་ཉེས་ལ་གཞིགས་ནས་དེའི་ཉེས་དོན་འགན་འཁྲི་ཁྲིམས་ལྟར་བདའ་འདེད་གཏོང་དགོས།
