༄༅།།མཚོ་སྔོན་གྱིས་འབྲི་གཡག་གསོ་ཚགས་ཀྱི་ལས་རྣམ་གསར་པ་ཧུར་ཐག་བཏོད་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་28ཉིན། 10:11】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། འབྲི་གཡག་ནི་མཚོ་བོད་ས་མཐོའི་ཕྱུགས་རིགས་གཙོ་བོ་ཞིག་ཡིན་པས“ས་མཐོའི་གྲུ་གཟིངས”ཞེས་བརྗོད་ཀྱི་ཡོད། རང་རྒྱལ་གྱི་འབྲི་གཡག་ཐོན་ཁུལ་གཙོ་བོ་ཡིན་པའི་མཚོ་སྔོན་དུ་མིག་སྔར་ལག་ཡོད་འབྲི་གཡག་མགོ་གྲངས་ཁྲི་600ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་38%ཟིན་པ་དང་འབྲི་གཡག་གསོ་ཚགས་ནི་འབྲོག་པའི་འབབ་ཁུངས་གཙོ་བོ་ཞིག་རེད། འོན་ཀྱང་སྲོལ་རྒྱུན་གྱི་གསོ་ཚགས་རྣམ་པའི་ཁྲོད་ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་རྒྱུད་པ་གསོ་ཚགས་བྱ་རྒྱུ་མི་འདང་བ་དང་གཙོ་བོ་གནམ་ལ་བརྟེན་ནས་ཕྱུགས་འཚོ་གི་ཡོད་པས་མཚོ་སྔོན་གྱི་འབྲོག་ཁྱིམ་དུ་གསོ་ཚགས་བྱས་པའི་འབྲི་གཡག་གི་རྒྱུད་པ་ཞན་དུ་འགྲོ་ཡི་ཡོད་པ་རེད། དེའང་དེ་སྔ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབལ་རྫོང་རྨ་བྱང་ཤང་གུར་དཀར་གྲོང་ཚོའི་འབྲོག་པས་སེམས་ཁྲལ་ཆེ་ཤོས་བྱེད་ས་ཤིག་རེད།
“དེ་སྔ་རྒྱུད་བཟང་ནང་འདྲེན་བྱེད་པའི་བསམ་བློ་མེད་པས་འབྲོག་པ་རང་ཉིད་ཀྱིས་གསོ་ཚགས་བྱས་པའི་འབྲི་གཡག་གི་གཟུགས་སྟོབས་ཆུང་བ་དང་ཉེ་རྒྱུད་རྒྱུད་སྤེལ་བྱས་པའི་འབྲི་གཡག་གི་ནད་འགོག་ནུས་པ་ཞན་པ་མ་ཟད། འོ་མའང་ཉུང་ཉུང་ཡིན་པ་རེད། ལོ་གསུམ་ལ་སླེབས་པའི་འབྲི་གཡག་གཅིག་ལ་མང་ཤོས་སྒོར་5000ལས་རག་གི་མེད”ཅེས་གུར་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་བཤད།
2018ལོར་གུར་དཀར་གྲོང་ཚོའི་མཉམ་སྡེབ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་གྲོང་ཚོ་ཡོངས་ཀྱི་འབྲོག་དུད་92ཚང་མ་མ་རྐང་ནང་ཞུགས་ཤིང་། མཉམ་ལས་ཁང་གིས་ཏ་ཐུང་དང་། མདོ་ལ། ཡུལ་ཤུལ་སོགས་ནས་ཕ་ཕྱུགས་ནང་འདྲེན་བྱས་ཏེ་རྒྱུད་བཟང་བེའུ་གསོ་སྤེལ་བྱས་པ་དང་མིག་སྔར་རྒྱུད་བཟང་འབྲི་གཡག་མགོ་གྲངས་1400ལྷག་ཙམ་གསོ་ཚགས་བྱས་ཡོད། དེའི་ཁྲོད་ཀྱི་རིགས་གཙོ་བོ“ཏ་ཐུང་འབྲི་གཡག”མཚོ་སྔོན་ཞིང་ཆེན་འབྲི་གཡག་གསོ་སྤེལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་གསོ་ཚགས་བྱས་པ་དང་འབྲོང་གི་གཞི་རྒྱུ་ཆ་ཕྱེད་ཀ་ཙམ་ལྡན་པས་རྒོད་པོའི་རང་བཞིན་ཆེ་བ་དང་། སྐྱེ་འཚར་མགྱོགས་པ། འཕྲོད་ཤུགས་ཆེ་བ། ལྡོག་འགོག་རང་བཞིན་ཆེ་བ། སྐྱེ་འཕེལ་ནུས་པ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་མཐོ་གྲང་སྐྱེ་ཁམས་ཁོར་ཡུག་ལ་འཚམ་པ་དང་རྒྱུད་སྤེལ་བརྟན་པོ་ཐུབ་ཀྱི་ཡོད་པ་རེད།
“ན་ནིང་མཉམ་ལས་ཁང་ལ་ཁེ་གཙང་སྒོར་ཁྲི་140ལྷག་ཙམ་ཟིན་པ་དང་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་3400ལྷག་ཙམ་རག་ཡོད། གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་གྲོང་མིའི་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ཚང་མ་གྲོང་ཚོའི་མཉམ་སྡེབ་ཀྱིས་ཐེངས་གཅིག་ལ་འཇལ་བ་དེས་གྲོང་མིའི་འབྱུང་འགྱུར་གྱི་སེམས་ཁྲལ་བསལ་ཡོད”ཅེས་སྤེན་པས་ངོ་སྤྲོད་བྱས།
རྒྱུད་བཟང་གསོ་སྤེལ་བྱས་པ་ལས་འབྲི་གཡག་སྐྱེ་འཚར་ལེགས་པོ་བྱུང་བ་དང་། བློ་གྲོས་ལ་བརྟེན་ནས་འབྲི་གཡག་གསོ་ཚགས་བྱས་པ་དེས་དུས་ཡུན་རིང་པོའི་ནང་རགས་ལས་རྣམ་པའི་འབྲི་གཡག་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ནས་འབྲི་གཡག་གསོ་ཚགས་ཡག་པོ་ཐུབ་ཡོད།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་འབྲི་ཆུ་ཤང་རྒྱམ་ཆེན་གྲོང་ཚོར་འབྲོག་པ་སྔ་ལངས་ཕྱི་ཉལ་གྱིས་ཕྱུགས་འཚོ་བར་འགྲོ་དགོས་ཀྱི་མེད། འབྲི་གཡག་མཉམ་ལས་ཁང་ནང་ཟླ་སྒྲིལ་བཏང་རྗེས་ལག་ཐོགས་ཁ་པར་ནས་འབྲི་གཡག་གང་དུ་ཡོད་མེད་འཚོལ་ཐུབ་ཀྱི་ཡོད། དེ་ནི་འབྲི་སྟོད་རྫོང་གི་ས་མཐོའི་ཕྱུགས་རྒྱུད་ཁུངས་འདེད་མ་ལག(དྲ་ཐོག་འབྲོག་ར)ལས་བྱུང་བའི་འགྱུར་ལྡོག་ཅིག་རེད།
འབྲི་སྟོད་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་རྒྱ་མཚོས། དྲ་ཐོག་འབྲོག་ར་འདི་ལོའི་ཟླ་ལྔ་པར་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེའི་ནང་གསོ་ཚགས་ལྟ་ཞིབ་ཚད་ལེན་དང་བཤས་གཏོང་ལས་སྣོན་ཁུངས་འདེད་སོགས་མ་ལག་ཆེ་གྲས་དགུ་ཚུད་ཡོད་པ་དང་། ཡུལ་ཤུལ་ཀྲོའུ་ཡིས་འཛུགས་སྐྲུན་ལེགས་སྒྲུབ་བྱས་པའི་གྲངས་འཛིན་གསོ་ཚགས་མ་ལག་དང་པོ་དེ་ཡིན་པ་དང་མིག་སྔར་འབྲོག་རར་འབྲི་གཡག་500གསོ་ཚགས་བྱས་ཡོད་ཅེས་ངོ་སྤྲོད་བྱས།
“སྔོན་ཆད་འབྲི་གཡག་བརླག་ཚེ་ཧ་ཅང་འཚོལ་ཁག་པོ་ཡོད། ད་ཆ་ལག་ཐོགས་ཁ་པར་ནས་འབྲི་གཡག་གང་དུ་ཡོད་མེད་ལྟ་ཐུབ་ཀྱི་འདུག རྩྭ་རའི་ཕྱོགས་བཞིར་ད་དུང་གློག་རྡུལ་ར་བ་བསྐོར་ཡོད་པས་འབྲི་གཡག་དྲ་བ་ནས་གྲོལ་ཚེ་ལག་ཐོགས་ཁ་པར་ནས་བརྡ་གཏོང་གི་རེད། སླད་ཕྱིན་ད་དུང་འབྲི་གཡག་གི་གོམ་གྲངས་སོགས་ཀྱི་གྲངས་གཞིར་དབྱེ་ཞིབ་བྱས་ནས་འབྲི་གཡག་གི་གཟུགས་པོའི་བདེ་ཐང་གནས་ཚུལ་ཤེས་རྟོགས་བྱེད་ཐུབ”ཅེས་བཀྲ་ཤིས་རྒྱ་མཚོས་བཤད།
“འདི་ལོ་ནས་བཟུང་ང་ཚོས་པེ་ཅིང་ལ་ཚགས་ཤ་སོས་པ་ཁག་བཞི་མཁོ་འདོན་བྱས་པ་ཡིན། དེ་སྔ་སྟོན་ཁར་གཅིག་སྡུད་བཤས་གཏོང་བའི་སྲོལ་རྒྱུན་གསོ་ཚགས་བྱེད་སྟངས་དོར་ནས་རྒྱུན་གཏན་ནས་བཤས་གཏོང་བའི་རྣམ་པ་རིམ་བཞིན་མངོན་འགྱུར་བྱུང་སྟེ། འབྲི་གཡག་གི་རིན་གོང་ཡང་ས་ཆ་དེ་རང་དུ་བཙོངས་པའི་རིན་གོང་ལས་མཐོ་བ་ཡོད་པས་འབྲོག་པས་འབྲི་གཡག་བཤས་གཏོང་འདོད་བྱེད་ཀྱི་འདུག”ཅེས་ཡུལ་ཤུལ་ཀྲོའུ་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འབྲུག་ཐར་ཚེ་རིང་གིས་བཤད། མིག་སྔར་ཡུལ་ཤུལ་གྱིས་ད་དུང་དེ་བས་ཕུན་སུམ་ཚོགས་པའི་འབྲི་གཡག་ཐོན་རྫས་མུ་མཐུད་བཏོད་དེ་འབྲི་གཡག་གསོ་ཚགས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཐོན་ལས་ཅན་བཅས་སུ་འགྱུར་བར་བྱེད་བཞིན་ཡོད་པ་རེད།
