༄༅།།ནམ་ཟླ་དྲོ་རུ་ཕྱིན་པས་ལྷོ་སྣེའི་འཁྱགས་ངོས་ཆུང་དུ་ཕྱིན་ཡོད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་27ཉིན། 14:56】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་25ཉིན། ཨ་རིའི་རྒྱལ་ཁབ་ཀྱི་གངས་འཁྱགས་གཞི་གྲངས་ཞིབ་འཇུག་ལྟེ་གནས་ཀྱིས་ལྷོ་སྣེའི་ད་ལོའི་དགུན་དུས་ཀྱི་མཚོ་དར་ཆེ་ཆུང་ཐད་སྲུང་སྐར་ལྟ་ཞིབ་ཚད་ལེན་གཞི་གྲངས་བཀོད་ཚུན་གྱི་ཟིན་ཐོ་དམའ་ཤོས་བཏོད་ཡོད། ཞིབ་འཇུག་ལྟེ་གནས་ཀྱིས་ངོས་འཛིན་བྱས་དོན། ལྷོ་སྣེའི་མཚོ་དར་གྱི་ཁྱབ་ཁོངས་ཉེ་བའི་ལོ་ཤས་རིང་ཆུང་དུ་འགྲོ་བའི་རྣམ་པ་མངོན་པ་དེ་རྒྱ་མཚོའི་མཐོ་རིམ་དྲོ་རུ་ཕྱིན་པ་དང་འབྲེལ་བ་ཡོད།
ཞིབ་འཇུག་ལྟེ་གནས་དེས་སྲུང་སྐར་གཞི་གྲངས་ལ་དབྱེ་ཞིབ་རགས་ཙམ་བྱས་པར་གཞིགས་ན། སའི་གོ་ལའི་ཕྱེད་ལྷོ་མར་གནས་པའི་ལྷོ་སྣེའི་ད་ལོའི་དགུན་ཁའི་མཚོ་དར་རྒྱ་ཁྱོན་ཟླ་9ཚེས་10ཉིན་མཐོ་ཤོས་སུ་སླེབས་པ་དང་། སྤྱི་ལེ་སྨི་གྲུ་བཞི་མ་ཁྲི་1696ཟིན་ཡོད། དེ་ནི་1979ལོར་སྲུང་སྐར་ལྟ་ཞིབ་ཚད་ལེན་གཞི་གྲངས་ཡོད་པ་ནས་བཟུང་ལྷོ་སྣེའི་དགུན་དུས་མཚོ་དར་གྱི་རྒྱ་ཁྱོན་ཐད་ཀྱི་ཟིན་ཐོ་དམའ་ཤོས་དེ་ཡིན་པ་དང་། 1986ལོར་བཏོད་པའི་ཟིན་ཐོ་དམའ་ཤོས་ལས་སྤྱི་ལེ་སྨི་གྲུ་བཞི་མ་ཁྲི་103གྱིས་ཉུང་ཡོད་པ་རེད།
ཞིབ་འཇུག་ལྟེ་གནས་དེའི་ཚན་རིག་མཁས་ཅན་རྒན་རབས་ཨོའར་ཐེ་·མའེ་ཡེ་ཡིས“འདི་ནི་ཟིན་ཐོ་བཏོད་པའི་ལོ་ཞིག་ཡིན་པ་མ་ཟད། དེ་ནི་ཟིན་ཐོ་བཏོད་ཐལ་ཆེ་བའི་ལོ་ཞིག་ཀྱང་རེད”ཅེས་བཤད་པ་རེད།
ལྷོ་སྣེའི་མཚོ་དར་གྱི་རྒྱ་ཁྱོན་ནམ་རྒྱུན་སའི་གོ་ལ་ཕྱེད་ལྷོ་མའི་དགུན་དུས་མཇུག་མཐའི་ཟླ་9པའི་སྔ་གཞུག་ཏུ་རྩེ་མོར་སླེབས་པ་དང་། དེ་ནས་རིམ་བཞིན་ཇེ་ཉུང་དུ་སོང་སྟེ། སའི་གོ་ལ་ཕྱེད་ལྷོ་མའི་དབྱར་མཇུག་གི་ཟླ་2པའམ་3པའི་ནང་ཆེས་དམའ་བའི་གནས་ལ་སླེབས་ཡོད། ད་ལོའི་ཟླ་གཉིས་པར་ལྷོ་སྣེའི་དབྱར་དུས་མཚོ་དར་གྱི་རྒྱ་ཁྱོན་ཆེ་ཤོས་སྤྱི་ལེ་ངོས་གྲུ་ཁྲི་179ལས་མེད་པས། 2022ལོའི་དུས་མཚུངས་ཀྱི་ཟིན་ཐོ་དམའ་ཤོས་བཏོད་ཡོད་པ་རེད།
ཨ་རིའི་གངས་འཁྱགས་གཞི་གྲངས་ཞིབ་འཇུག་ལྟེ་གནས་ཞིག་གིས་བཤད་པ་ལྟར་ན། ལྷོ་སྣེའི་མཚོ་དར་གྱི་རྒྱ་ཁྱོན་དེ་སྔའི་ལོ་བཅུ་གྲངས་ནང་ཡུན་རིང་པོར་བརྟན་པོར་རྒྱུན་འཁྱོངས་ཐུབ་པ་མ་ཟད། ཐ་ན་ཅུང་ཆེ་རུ་ཕྱིན་ཡོད་པ་རེད། 2016ལོའི་ཟླ་8པ་ནས་བཟུང་། ལྷོ་སྣེའི་མཚོ་དར་གྱི་རྒྱ་ཁྱོན་ཟླ་རེར་ཧ་ལམ་ལོ་གོང་མའི་དུས་མཚུངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཆེས་ཆེར་ཆག་པའི་རྣམ་པ་ཐོན་ཡོད། ཞིབ་འཇུག་མང་ཆེ་བས་ངོས་འཛིན་བྱས་དོན། འཕེལ་ཕྱོགས་འདི་རྒྱ་མཚོའི་ངོས་དང་ཉེ་བའི་མཚོ་ཆུ་དྲོ་རུ་འགྲོ་བ་དང་འབྲེལ་བ་ཡོད། མི་འགའ་ཞིག་གིས་དེ་ནི“གོ་ལ་ཧྲིལ་པོའི་རྒྱ་མཚོ་དྲོ་རུ་འགྲོ་བཞིན་ཡོད་པས། ལྷོ་སྣེའི་མཚོ་དར་ཉུང་དུ་འགྲོ་བའི་ཡུན་རིང་གི་འཕེལ་ཕྱོགས་ཀྱི་འགོ་བརྩམས་པ་ཙམ་ཞིག་ཡིན་སྲིད་”ཅེས་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།
