འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་ས་གནས་ཁག་གིས་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་27ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གངས་ལྗོངས་ས་མཐོའི་གང་སར་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་པ་དང་བོད་ཀྱི་ས་གནས་ཁག་གི་མང་ཚོགས་ཚོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་དྲུག་པར་རྟེན་འབྲེལ་ཞུས་པ་རེད།
    སྔ་དྲོའི་ཆུ་ཚོད་10པར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་འཁྲུག་ཆ་ཧ་ཅང་དོད་ཅིང་། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་དང་། རིག་རྩལ་འཁྲབ་སྟོན། ཞིང་ལས་འཕྲུལ་ཆས་འགྲེམས་སྟོན་སོགས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”བོད་ཀྱི་ཚོགས་ར་གཙོ་བོའི་རྟེན་འབྲེལ་བྱེད་སྒོ་དེ་གར་གཉེར་བཞིན་མཆིས། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་སྐལ་བཟང་ནོར་བུར་ཉིང་ཁྲི་གྲོང་ཁྱེར་གྱི“ཞིང་པ་ཡག་ཤོས་བཅུའི”མཚན་སྙན་ཐོབ་ཅིང་། ཁོང་གིས“ཞིང་པ་རང་ཉིད་ཀྱི་དུས་ཆེན་ལ་བྱ་དགའ་དེ་ཐོབ་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་། སླད་ཕྱིན་གྲོང་ཚོའི་ནང་གི་ཡུལ་མི་ཚོའི་སྣེ་ཁྲིད་དེ་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།
     ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་དམར་གྲོང་ཚོར་གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞིང་ནང་དུ་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་སྟེ། མི་རྣམས་ཀྱིས་བརྔ་བསྡུ་འཕྲུལ་འཁོར་ལ་དཀར་གཙང་ཁ་བཏགས་གཡོག་པ་དང་། ནས་ཞིང་ཚང་མ་གསེར་མདོག་གིས་བརྒྱན་པ། བརྔ་བསྡུ་འཕྲུལ་འཁོར་གྱིས་ལྡིར་སྒྲ་དང་སྦྲགས་ལོ་ཏོག་བརྔ་བསྡུ་བྱེད་བཞིན་མཆིས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ལོ་ལེགས་རིག་རྩལ་འཁྲབ་སྟོན་བྱ་ཡུལ་དུ《སྨོན་འདུན》དང་། 《འབྲུ་རིགས་སྣ་ལྔའི་དྲི་ཞིམ་འཐུལ》 《ལོ་ལེགས་ཀྱི་གླུ་དབྱངས》སོགས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་གླུ་གར་དང་དམངས་སྲོལ་ལེ་ཚན་འཁྲབ་སྟོན་བྱས་པ་ལས་འཁྲུག་ཆ་དོད་པའི་དུས་ཆེན་གྱི་རྣམ་པས་ཁེངས།
   ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་སྐྲུན་རྒྱུ་གཙོ་བོར་བྱེད་པའི་རྨོ་ཞིང་གི་སྤུས་ཚད་མཐོར་གཏོང་ལས་གྲྭར་མུ་མཐུད་སྐུལ་འདེད་བཏང་ཞིང་། མིག་སྔར་བོད་ཡོངས་སུ་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་419.9བསྐྲུན་པ་དེས་རྨོ་ཞིང་གི་སྤྱིའི་རྒྱ་ཁྱོན་གྱི་62.75%ཟིན་པ་དང་2025ལོར་བསྐྲུན་རྒྱུའི་ལས་འགན་མུའུ་ཁྲི་446གི་94%ཟིན་ཡོད། ཞིང་ལས་འཕྲུལ་ཆས་ཅན་དུ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། 2022ལོའི་ལོ་མཇུག་ཏུ་བོད་ཡོངས་ཀྱི་ཞིང་འཕྲུལ་སྒྲིག་ཆས(ཆ་ཚང)བསྡོམས་ཁྲི་54.56ཟིན་པ་དང་། ཞིང་ལས་སྐྱེ་དངོས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་66.7%ཟིན་པ། འབྲུ་རིགས་སྐྱེ་དངོས་གཙོ་བོའི(ནས)རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་69.8%ཟིན་ཡོད་པ་རེད།