འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀོ་གྲུ་ནས་གནམ་ཐང་གཉིས་བར་གྱི་འཕོ་འགྱུར།

—— སི་ཁྲོན་རྔ་པ་ཀྲོའུ་ཡི་འགྲིམ་འགྲུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་ས་མཐོར་གསོན་ཤུགས་གསར་པ་འཕེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་27ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་ཆར་ཚོད་ལྟའི་མེ་འཁོར་ཞིག་ཁྲེང་ཏུའི་བབས་ཚུགས་ཤར་མ་ནས་ཐོན་པ་དང་ཆབས་ཅིག གསར་དུ་བསྐྲུན་པའི་ཁྲོན་མཚོའི་ལྕགས་ལམ་གྱི་ཆིང་པའེ་ཅང་ནས་ཀྲེན་ཅང་ཀོན་བར་གྱི་ལམ་དུམ་འཁོར་སྐྱོད་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད། ལྕགས་ལམ་དུམ་བུ་དེ་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཆིང་པའེ་ཅང་ཆུས་ནས་འགོ་ཚུགས་ཤིང་། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མའོ་རྫོང་དུ་འབྱོར་རྗེས། གྱེན་ལ་བསྐྱོད་ནས་ཟུང་ཆུ་རྫོང་ཁོངས་ཀྱི་ཀྲེན་ཅང་ཀོན་བབས་ཚུགས་སུ་སླེབས་ཀྱི་ཡོད། ལྕགས་ལམ་དུམ་བུ་དེ་དངོས་སུ་ཤར་གཏོང་ཐུབ་རྗེས་སི་ཁྲོན་ནུབ་བྱང་ས་ཁུལ་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་ས་གནས་དེ་གའི་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུ་རེད།
    སི་ཁྲོན་ནུབ་བྱང་ས་ཁུལ་དུ་གནས་པའི་རྔ་པ་ཀྲོའུ་རུ་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་བོད་ཆའང་རིག་གནས་སྣ་ཁ་འཛོམས་པོ་ཡོད་མོད། འོན་ཀྱང་རི་བོ་མཐོ་ལ་གཡང་གཟར་བ་དང་། སྔོན་མ་འགྲིམ་འགྲུལ་རྗེས་ལུས་དང་འགྲོ་སྐྱོད་དཀའ་བས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་ཕོག་ཡོད།
    རྔ་པ་ཀྲོའུ་རྟེན་མཛོད་ཁང་དུ་མི་གསུམ་ནས་ལྔ་ཙམ་ལས་མི་གཤོང་བའི་ཀོ་གྲུ་ཞིག་ཡོད་པ་དེར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད། དེ་ནི་སྔོན་མ་ས་གནས་དེ་གའི་རི་མཐོའི་གྲོག་རོང་ཁུལ་གྱི་གཙང་པོ་སྒྲོལ་ཆས་གལ་ཆེན་ཞིག་རེད། རྔ་པ་ཀྲོའུ་རྟེན་མཛོད་ཁང་གི་ཀོན་ཀྲང་ཁྲེན་ཞུའེ་ཀྲི་ཡིས། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་རྔ་པ་ཀྲོའུ་རུ་གཞུང་ལམ་དང་ཟམ་པ་སྔ་ས་ནས་འཕྲེད་གཞུང་སྣོལ་མར་ཆགས་ཤིང་། ཀོ་གྲུར་བསྡད་ནས་གཙང་པོ་བརྒལ་བའང་ལོ་རྒྱུས་སུ་གྱུར་ཡོད་ཅེས་ཚོར་སྣང་ཟབ་མོས་བཤད།
    དེང་དུས་ཀྱི་རྔ་པ་ཀྲོའུ་རུ་ཟམ་པ་དང་། གཞུང་ལམ། ལྕགས་ལམ་བཅས་འཕྲེད་རྒྱུག་རི་རྒྱུད་དང་། གངས་རི། རྩྭ་ཐང་སོགས་སྦྲེལ་ནས་བསྐྲུན་པ་ལས། མི་རིགས་ས་ཁུལ་དང་ཐག་རིང་ལུང་ཁུག་ཏུ་སྐྱོད་བདེ་རུ་སོང་ཡོད་ལ། མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་ཡང་མཆོང་སྐྱོད་གསར་པ་བྱུང་ཡོད།
    འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་ལས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད། ཁྲོན་མཚོ་ལྕགས་ལམ་འགྲམ་གྱི་ཟུང་ཆུ་རྫོང་ཁྲོན་ཀྲུའུ་སི་གྲོང་རྡལ་དུ་ཡུལ་སྐོར་གཞུང་ལམ་མང་པོ་གཅིག་ཏུ་འདུས་པ་ལས“སི་ཁྲོན་ནུབ་བྱང་གི་བཞི་མདོ་ཁར”གྱུར་ཡོད། དེ་ནི་གཟི་ཚ་སྡེ་དགུ་དང་། ཧོང་ལུང། མཛོད་དགེ་རྩྭ་ཐང་བཅས་སུ་སྐྱོད་པའི་བར་བརྒྱུད་ས་ཁུལ་གལ་ཆེན་ཞིག་ཡིན་ཞིང་། གྲོང་རྡལ་དེའི་ཟ་ཁང་གི་སྦྱིན་བདག་དང་དམངས་སྲོལ་གནས་ཚང་གཉེར་སྐྱོང་བ་ཚང་མས་འཆར་ལ་ཉེ་བའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་བསུ་བའི་གྲ་སྒྲིག་ཨང་གསར་བྱེད་བཞིན་མཆིས།
    དབུན་མ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་ལས་སི་ཁྲོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁྲེང་ཏུའུ་ནས་རྔ་པ་ཀྲོའུ་སྲིད་གཞུང་གི་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅུ་གྲངས་ཁ་ཤས་སྦྲེལ་མཐུད་བྱུང་ཡོད། མྱུར་བགྲོད་གཞུང་ལམ་གྱི་ཐོན་སྒོ་ཚང་མར་མཛེས་ལྗོངས་ཁུལ་ཁག་ཏུ་ཐད་ཀར་སྐྱོད་སའི་ལམ་ཡོད་པ་དེ་དག་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་རིགས་དང་ཆའང་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་བར་ཁྱམས་ཤིག་ཏུ་གྱུར་ཡོད།
    འགྲིམ་འགྲུལ་ལེགས་སུ་ཕྱིན་པ་ལས་ཞིང་འབྲོག་པའི་ཁྱད་ལྡན་ཐོན་རྫས་བྲིན་ཁ་རྒྱུག་ཏུ་ཕྱིན་ཞིང་། ལི་རྫོང་གི་ས་མཐོའི་སྔོ་ཚལ་དང་། བཙན་ལྷ་རྫོང་གི་ཀུ་ཤུ། ཧུང་ཡོན་རྫོང་གི་ཚགས་ཤ་སོགས་ས་གནས་གང་སར་ཕྱིར་ཚོང་བྱེད་ཀྱི་ཡོད། “དབུན་མ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ངའི་ཁྱིམ་གྱི་སྔོ་ཚལ་དང་ཚགས་ཤ་ཁྲེང་ཏུར་བྲིན་ཁ་དེ་བས་རྒྱུག་པོ་བྱུང་སོང”ཞེས་ལི་རྫོང་སྐྱིད་ཁོག་གྲོང་ཚོའི་ཡུལ་མི་ཝང་ཕིང་གིས་བཤད།
    “མི་སེར་ལ་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པའི་ཕན་པ་ཐོབ་ཡོད”སྐྱིད་ཁོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀེང་ཀྲང་གིས། འདི་ལོ་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ཡོད། ཟླ་5པར་ཐོ་འགོད་བྱས་པའི་ཀུང་སི་ལས་དབྱར་གསེང་གཅིག་ལ་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་28བྱུང་ཡོད་ཅེས་བཤད།
    ཞིང་ཆེན་ལམ་དང་། རྒྱལ་ལམ། མྱུར་བགྲོད་གཞུང་ལམ་བཅས་ནས་ལྕགས་ལམ་དང་གནམ་ཐང་བར་ལས་གངས་ལྗོངས་ས་མཐོའི་ཐོག་གི་རྔ་པ་ཀྲོའུ་རུ་འགྲིམ་འགྲུལ་ཆ་རྐྱེན་རྒྱུན་ཆད་མེད་པར་ཡག་ཏུ་ཕྱིན་པ་མཐོང་ཐུབ། མིག་སྔའི་བར་ཀྲོའུ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་1.56ཟིན་པ་དང་མཁའ་ལམ་11ཤར་གཏོང་ཐུབ་པ། “གྲོང་གསེབ་ཀྱི་ཡག་པོ་བཞིའི་ལམ”གྱི་དཔེ་སྟོན་ལམ་ཡོངས་སུ་ཁྱབ་ཡོད།
    ས་མཐོའི་མཛེས་ལྗོངས་འགྲམ་དུ་གནས། གངས་ལྗོངས་ཡུལ་ཟོག་བྲིན་ཁ་རྒྱུག ཁྱད་ལྡན་ཞིང་འབྲོག་ལས་དང་ཡུལ་སྐོར་ལས་རིགས་དེ་ཉིད་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གཙོ་བོར་གྱུར་ཡོད། 2022ལོར་རྔ་པ་ཀྲོའུ་ཡི་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་159.24ཟིན་པ་དང་། 2019ལོ་ནས་བཟུང་ཀྲོའུ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་3892.05ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་175.75བྱུང་ཡོད།