འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སྤེལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་26ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཚོགས་འདུ་ཡུལ་དངོས། མི་དམངས་དྲ་བ། པར་ལེན་མཁན། ལིའུ་དབྱི་ལིན།
ཚོགས་འདུ་ཡུལ་དངོས། མི་དམངས་དྲ་བ། པར་ལེན་མཁན། ལིའུ་དབྱི་ལིན། 
    ཟླ་9ཚེས་22ཉིན། མི་དམངས་དྲ་བ་དང་། ནང་སོག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། ཨེར་ཏོ་སི་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ནང་སོག་ཨེར་ཏོ་སི་གྲོང་ཁྱེར་དུ་འཚོགས་པ་རེད། རྒྱལ་ཡོངས་ནས་ཡོང་བའི་ཚོང་གཉེར་ཁོར་ཡུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། རིགས་གཅིག་མཁས་ཅན་སྤེལ་རེས་ཚོགས་འདུར་ཞུགས་ནས། ཚོང་གཉེར་ཁོར་ཡུག་གི་ལམ་སྲོལ་གསར་པ་དང་། ཐབས་ལམ་གསར་པ། བྱེད་སྟངས་གསར་པ་བཅས་ལ་མཉམ་དུ་གྲོས་བསྡུར་དང་འཚོལ་ཞིབ་བྱས་པ་རེད།
    ཀྲུང་གོའི་སྲིད་ཇུས་ཚན་རིག་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གི་དེ་སྔའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མ་ལི་དང་། མི་དམངས་དྲ་བའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ལས་འཛིན་ཡེ་ཀྲེན་ཀྲེན། ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་གསར་འགྱུར་དཔེ་སྐྲུན་ཅུས(པར་དབང་ཅུས)ཀྱི་ཅུས་ཀྲང་ཧྥུའུ་ལེ། ཨེར་ཏོ་སི་གྲོང་ཨུའི་ཧྲུའུ་ཅི་ལི་ལི། ཨེར་ཏོ་སི་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཏུའུ་ཧུའེ་ལེའང་། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེན་གཞོན་པ་ཀྲང་དབྱིང་ཚུན། ནང་སོག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཱ་ཝུན་བཅས་ཚོགས་འདུར་ཕེབས་པ་རེད།
   མ་ལི་ཡིས་ཤིས་ཚིག་ནང་བསྟན་དོན། ཚོང་གཉེར་ཁོར་ཡུག་བཟང་པོ་ནི་སྒྲུབ་ནས་བྱུང་བ་ཞིག་ཡིན་པ་ལས་བཤད་ནས་བྱུང་བ་ཞིག་མ་རེད། ད་ཐེངས་ཀྱི་ཚོགས་འདུ་འཚོགས་པའི་དོན་སྙིང་ནི་སྤེལ་རེས་གང་ལེགས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཁྲོད་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་དང་། ལྟ་བ་དང་བྱ་ཐབས་ལ་འདོན་པ། ལས་ཀའི་ལམ་སྲོལ་གསར་གཏོད་བཅས་བྱས་ནས། ནུས་ལྡན་གྱི་ཁྱབ་གདལ་ཉམས་མྱོང་ཆགས་པ་བྱ་རྒྱུ་དེ་རེད། ཚོང་གཉེར་ཁོར་ཡུག་བཟང་པོ་ནི་ཐོན་སྐྱེད་ནུས་ཤུགས་ཡིན་ལ་འགྲན་རྩོད་ནུས་ཤུགས་ཀྱང་ཡིན། ཚོགས་ཆེན་ཐོག་གྲུབ་འབྲས་གསར་པ་ཐོབ་པ་དང་། བསམ་ཕྱོགས་གསར་པ་གཏོད་པ། ལམ་བུ་གསར་པ་གཏོད་པ་བཅས་བྱས་ཏེ། དུས་ཚོད་ཀྱིས་མི་མི་སྒུག་པའི་ངར་ཤུགས་དང་ཞབས་ཞུ་ཏན་ཏིག་གི་སྒོ་ནས་སྤུས་ལེགས་དང་བློ་བདེའི་ཚོང་གཉེར་ཁོར་ཡུག་བརྟེན། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་ནུས་པ་འཕེལ་བ་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་། བརྟན་པོ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྔར་བས་ནུས་ལྡན་གྱི་འགན་ལེན་བྱ་རྒྱུའི་རེ་བ་ཡོད། 
   ཡེ་ཀྲེན་ཀྲེན་གྱིས་བསྟན་དོན། མི་དམངས་དྲ་བ་ནི“དྲ་ཐོག་གི་མི་དམངས་ཉིན་རེའི་ཚགས་པར”ཡིན་ཞིང་། ཏང་སེམས་དང་དམངས་སེམས་འབྲེལ་མཐུད་བྱེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཡོད་པས། ད་རེས་ཀྱི་བྱེད་སྒོ་བརྒྱུད་ས་གནས་ཁག་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བའི་ཉམས་མྱོང་དང་གྲུབ་འབྲས་སྔར་བས་སྔོག་འདོན་བྱས་ནས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུར་མཉམ་དུ་རོགས་རམ་བྱ་རྒྱུའི་རེ་བ་ཡོད། 
   ཏུའུ་ཧུའེ་ལེའང་གིས་བསྟན་དོན། ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ནས་ཨེར་ཏོ་སི་གྲོང་ཁྱེར་གྱིས་སྔར་བས་ལེགས་པའི་ཁོར་ཡུག་བཏོད་དེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཚོང་གཉེར་ཁོར་ཡུག་གི་འགག་སྒྲོལ་ལས་དོན་རྒྱུན་མཐུད་ངང་སྤེལ་ཏེ། ལོ་3ནས་5བར་འབད་བརྩོན་བྱས་པ་བརྒྱུད། དམིགས་ཚད་ཁག་རྒྱལ་ཡོངས་ཀྱི་ཕུལ་བྱུང་གྲས་སུ་ཚུད་པ་དང་། གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ཧྲིལ་པོ་རྒྱལ་ཡོངས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་བྱ་རྒྱུ། ནུས་ཤུགས་སྔར་བས་ཆེན་པོ་བཏོན་ནས་ལམ་བུ་གསར་པ་གཏོད་པ་དང་། རང་འགུལ་ངང་སྔོན་ཐོན་ཚད་གཞིར་འཛིན་པ། སློབ་སྦྱོང་དང་དཔྱད་གཞིར་ནན་གྱིས་འཛིན་པ། སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཨེར་ཏོ་སི་ཡི་ཉམས་མྱོང་སྔར་བས་མང་བ་གཏོད་རྒྱུར་འབད་བརྩོན་བྱེད་པ། ཨེར་ཏོ་སི་ཡི་སྤུས་རྟགས་ཁྱོན་ཡོངས་ནས་གཏོད་པ་བཅས་བྱེད་དགོས། བྱེད་ཐབས་སྔར་བས་ཏན་ཏིག་སྤྱད་དེ་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པའི་ལས་འགན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། དཔལ་འབྱོར་གྱི་སྤྱི་འབོར་མུ་མཐུད་མཐོར་འདེགས་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལོ་ལྔའི་ནང་ཚུན་དུ་GDPསྒོར་དུང་ཕྱུར་ཁྲི་ཡན་གྱི་གྲོང་ཁྱེར་དུ་འགྱུར་རྒྱུ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་སྟོབས་ཆེན་30ཡི་ནང་ཚུད་རྒྱུའི་བརྩོན་ལེན་བྱེད་དགོས། 
    མ་ཝུན་གྱིས་བསྟན་དོན། ནང་སོག་རང་སྐྱོང་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་ཁྲོམ་ར་ཅན་དང་། ཁྲིམས་ལུགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ད་ཡོད་གནས་ཚུལ་ལ་གཞི་ཚུགས་པ་དང་འབྱུང་འགྱུར་ལ་དམིགས་ཏེ“སྒྲུབ་བཞིན་པའི་དུས་ད་ལྟ་བ་ལས་བསྒྲུབས་ཟིན་པའི་དུས་འདས་པ་མེད་པའི”རྩ་དོན་ལ་གཞིགས་ནས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད། ཕྱི་དང་ནང་གི་འགྱུར་ལྡོག་ལས་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལ་བླང་བྱ་གསར་པ་བཏོན་ཡོད། ནང་སོག་གིས་ཁེ་ལས་དང་འབྲེལ་བའི་ཞབས་ཞུ་ཚད་ལྡན་ཅན་དང་། ཕན་འབྲས་ཅན། སྟབས་བདེ་ཅན་བཅས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་སྐྱོང་སྲུང་སྐྱོང་ཆུ་ཚད་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཚོང་དང་མ་རྩ་འདྲེན་འགུགས་དང་ཤེས་ལྡན་པ་གཅིག་སྡུད་སྔར་བས་མགྱོགས་སུ་གཏོང་བ་བཅས་བྱ་རྒྱུ་ཡིན།
    ཉམས་མྱོང་སྤེལ་རེས་ཚོགས་འདུའི་ཐོག་མི་དམངས་དྲ་བས“ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་དགོས”ཞེས་པའི་བསམ་འཆར་དང་གྲོས་འགོ་བསྡུ་རུབ་ཀྱི་ནང་སོག་བགྲོད་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། མི་དམངས་དྲ་བའི་ནང་སོག་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་པའེ་ཅན་ཕིང་གིས“2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བའི་མཚོན་དཔེ་ཁྱབ་བསྒྲགས་བྱས་པ་དང་། མི་དམངས་དྲ་བའི་དྲ་ཐོག་མང་ཚོགས་ལས་དོན་པུའི་ཀྲུའུ་རེན་དབྱང་ཅ་ཡིས《ཁེ་ལས་ཀྱི་བྲེལ་དཀའ་སྡུག་སྨོན་ལ་དམིགས་ཏེ་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་ཟམ་བཏོད་པ། མི་དམངས་དྲ་བའི“འགོ་ཁྲིད་ཀྱི་འཕྲིན་པང”ཚོང་གཉེར་ཁོར་ཡུག་གི་དྲན་འཆར་དབྱེ་ཞིབ་སྙན་ཞུ》ཁྱབ་བསྒྲགས་བྱས། མི་དམངས་དྲ་བའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལེའོ་ཚན་ལེའང་གིས《2023ལོའི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལྟ་ཞིབ་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད།
     ཚོགས་འདུའི་ཐོག ཨེར་ཏོ་སི་གྲོང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ་སུའུ་ཚུའེ་ཧྥང་དང་། ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཝུའེ་མིང་། པེ་ཅིང་གྲོང་ཁྱེར་ཧྥེང་ཐའེ་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡན་ཕེང་། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཁྲང་ཁྲུན་ཁུལ་གསར་སྲིད་དོན་ཅུས་ཀྱི་ཅུས་ཀྲང་ཞུས་ཀོང་ཞིན་བཅས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གཏམ་བཤད་སྤེལ་བ་རེད།
   ཉིན་དེའི་ཕྱི་དྲོ་རིགས་གཅིག་མཁས་ཅན་གྱིས་གཙོ་དོན་གཏམ་བཤད་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལི་གོ་ཆང་དང་། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁོག་དང་ཁྲིམས་ལུགས་ཞིབ་འཇུག་པུའི་ཀྲུའུ་རེན་གཞོན་པ་ཝང་ཁྲུན་ཡན། ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་གྲོང་ཁྱེར་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝུའུ་ཅིང་ཧྲན། ཀྲེ་ཅང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཡོན་ཀྲང་ཧོང་པའོ་ལེན། ཀོང་ཀྲོའུ་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝུའུ་ཆིང་། ཐེན་ཅིན་དགེ་འོས་སློབ་ཆེན་རྒྱལ་ཁབ་བཅོས་སྐྱོང་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་སུང་ལིན་ལིན། ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེན་མོ་ཧོང་ཅིན་ཁྲོན་སོགས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གཙོ་དོན་གཏམ་བཤད་བྱས་པ་རེད།
    ཚོང་གཉེར་ཁོར་ཡུག་ནི་ཚོང་གཉེར་བྱེད་པོའི་ཧུར་བརྩོན་རང་བཞིན་དང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་རང་བཞིན་དང་གཅིག་སྡུད་བྱེད་ཚད་བཅས་དང་ཐད་ཀར་འབྲེལ་བ་ཡོད་པས་མཚོན་རྟགས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་བྱ་བ་ཞིག་ཡིན་པས། ས་ཁུལ་གྱི་དཔལ་འབྱོར་གསོན་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
    ཉེ་བའི་ལོ་ཤས་རིང་། ནང་སོག་རང་སྐྱོང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་སྲིད་འཛིན་དབང་ཆའི་དོན་ཚན་71%ཉུང་དུ་བཏང་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་ཚང་མར་ཞིབ་ཐོའི་དོ་དམ་ལག་བསྟར་བྱས། ཁེ་ལས་ཐོ་འགོད་ཉིན་གཅིག་ལ་འགྲུབ་ཚར་བར་བྱས། ལས་གྲྭའི་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ་དེ་དྲ་ཐོག་ནས་སྒྲུབ་གཉེར་ཐུབ་པ་དང་། སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི“ལྗོངས་ཡོངས་དྲ་གཅིག”བསྐྲུན་ཡོད། ལྗོངས་ཡོངས་ཀྱི་དྲ་ཐོག་ནས་གཉེར་ཐུབ་ཚད་83.6%ཟིན་པ་དང་། “དྲ་སྦྲེལ་+ལྟ་སྐུལ་དོ་དམ་”མ་ལག་འཐུས་ཚང་དུ་བཏང་སྟེ།“དྲ་གཅིག་སྤྱི་འདོམས་”འཛུགས་སྐྲུན་བྱེད་འགོ་བརྩམས། སྲིད་གཞུང་གིས་ཁ་དན་ཚིག་ལ་མ་གནས་པའི་བྱ་སྤྱོད་བཅོས་སྐྱོང་གི་བྱ་འགུལ་སྤེལ་ནས་རིམ་རྩིས་བྱས་ན་འགྱངས་ཆད་བྱས་པའི་ཁེ་ལས་འབྲིང་ཆུང་གི་མ་དངུལ་སྒོར་དུང་ཕྱུར་1100ལྷག་གཙང་འཇལ་བྱས་ཡོད་པ་རེད།
    ཉེ་བའི་ལོ་ཤས་རིང་། ཨེར་ཏོ་སི་གྲོང་ཁྱེར་གྱིས“དྲོ་སྐྱིད་གྲོང་ཁྱེར”གྱི་གཟུགས་བརྙན་སྤུས་རྟགས་དང“སེམས་ལྔའི”ཚོང་གཉེར་ཁོར་ཡུག་གི་སྤུས་རྟགས་བཏོད་ནས་རྒྱལ་ཡོངས་ཀྱི་རྩེ་གྲའི་ཚད་གཞིར་གཞིགས་པ་དང་། ཚོང་གཉེར་ཁོར་ཡུག་རིམ་པ་དེ1.0ནས་4.0བར་གྱི་སྒྱུར་བཅོས་ལག་ལེན་བསྟར་ནས། སྒྱུར་བཅོས་ཀྱི་བྱ་ཐབས་ཆིག་སྟོང་ཙམ་བཏོན་པ་དང་། དཔྱད་དཔོག་དམིགས་ཚད་ཁག་22ཀྱི་ནང་ནས་ཁག་19ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ་ལོ་གསུམ་བསྟུད་མར་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་དཔྱད་དཔོག་ཁྲོད་ཨང་དང་པོར་སླེབས་ཡོད་པ་རེད།
འགོ་ཚུགས་མཛད་སྒོ། མི་དམངས་དྲ་བ། པར་ལེན་མཁན། ལིའུ་དབྱི་ལིན།
འགོ་ཚུགས་མཛད་སྒོ། མི་དམངས་དྲ་བ། པར་ལེན་མཁན། ལིའུ་དབྱི་ལིན།