༄༅།།ཧར་པིན་གྱིས་2025ལོའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་གཉེར་མཁན་གྲོང་ཁྱེར་གྱི་
གན་རྒྱ་དངོས་སུ་བཞག་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་26ཉིན། 10:05】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2022ལོའི་ཟླ་6པར་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཧར་པིན་གྲོང་ཁྱེར་ལ“ཨོ་རྩལ་གྱི་བྱ་དགའ་ཨང་དང་པོའི་གྲོང་ཁྱེར”ཞེས་པའི་མཚན་སྙན་བསྩལ་པ།
ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཧང་ཀྲོའུ་རུ་ཧར་པིན་གྲོང་ཁྱེར་གྱིས་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་དང་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་ལ་2025ལོའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་གཉེར་མཁན་གྲོང་ཁྱེར་གྱི་གན་རྒྱ་མཉམ་དུ་བཞག་པ་རེད།
འདི་ལོ་ཟླ་7ཚེས་8ཉིན་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱིས་ཐེ་ལན་གྱི་པང་ཁོག་ཏུ་གཉེར་བའི་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་སྐབས་42པའི་ཚང་འཛོམས་གྲོས་ཚོགས་ཐོག་ཧར་པིན་གྲོང་ཁྱེར་ལ་2025ལོའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་གཉེར་དབང་ཐོབ་པ་ཁྱབ་བསྒྲགས་བྱས་པ་རེད།
ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་སུ་རང་རྒྱལ་དུ་འཚོག་རྒྱུའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་དགུན་དུས་ལུས་རྩལ་འགྲན་ཚོགས་གཞན་ཞིག་རེད།
ཧར་པིན་ལ་གངས་འཁྱག་ལུས་རྩལ་གྱི་ལོ་རྒྱུས་ཡུན་རིང་བ་དང་། དུས་རབས་20པའི་དུས་འགོར་ཧར་པིན་གྲོང་ཁུལ་དུ་འཁྱགས་ཤུད་ར་བ་བསྐྲུན་ཡོད། 1953ལོར་ཧར་པིན་དུ་རྒྱལ་ཡོངས་ཀྱི་འཁྱགས་ཐོག་ལུས་རྩལ་འགྲན་ཚོགས་ཐོག་མ་གཉེར་བ་རེད། 2009ལོར་ཧར་པིན་དུ་འཛམ་གླིང་སློབ་ཆེན་སློབ་མའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་གཉེར་ཞིང་། དེ་ནི་ཀྲུང་གོས་འཛམ་གླིང་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་དགུན་དུས་ལུས་རྩལ་འགྲན་ཚོགས་གཉེར་ཐེངས་དང་པོ་རེད། 2022ལོའི་ཟླ་6པར་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཧར་པིན་གྲོང་ཁྱེར་ལ“ཨོ་རྩལ་གྱི་བྱ་དགའ་ཨང་དང་པོའི་གྲོང་ཁྱེར”ཞེས་པའི་མཚན་སྙན་བསྩལ་བ་རེད།
