འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲའོ་ལེ་ཅི་ཧྲན་ཏུང་དུ་རྒྱལ་ཡོངས་ཀྱི་ས་གནས་ཁྲིམས་འཛུགས་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་23ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཧྲན་ཏུང་དུ་རྒྱལ་ཡོངས་ཀྱི་ས་གནས་ཁྲིམས་འཛུགས་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། གསར་དུ་བཟོ་བཅོས་བརྒྱབ་པའི་ཁྲིམས་འཛུགས་བཅའ་ཁྲིམས་ནན་ཏན་ངང་ལག་བསྟར། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བཅས་བྱས་ཏེ། དུས་རབས་གསར་པའི་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་བརྟན་ཐོག་ཡར་འཕེལ་གྱི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
    ཚེས་19ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་ས་གནས་ཁྲིམས་འཛུགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ཀྲའོ་ལེ་ཅིས། ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེས། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་པ་དང་། ས་གནས་ཀྱི་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་འགག་རྩ་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་ཁྲིམས་འཛུགས་ཆོས་ཉིད་གཞིར་བཟུང་དགོས་མཁོ་དང་། སྐབས་བསྟུན། སྤྱི་འདོམས། རིམ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་བཟོའི་ལས་དོན་སྤེལ་ནས་ཆ་རྐྱེན་འཛོམས་རེ་བཞིན་འདོན་དགོས་པ། ས་གནས་ཁྲིམས་འཛུགས་ཀྱི་གནད་དོན་གྱི་ཕྱོགས་སྟོན་དང་། ལག་ལེན་གྱི་ཕྱོགས་སྟོན། དམིགས་ཚད་ཀྱི་ཕྱོགས་སྟོན་བཅས་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། འགལ་བ་མེད་པ་དང་། ཁྱད་ཆོས་ལྡན་པ། བཀོལ་སྤྱོད་རུང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཁྲིམས་སྲོལ་ཁག་ཚུགས་གནས་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཐུབ་པ། སྤྱོད་གོ་ངོ་མ་ཆོད་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ས་གནས་ཀྱི་ཁྲིམས་འཛུགས་ལག་ལེན་གྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ཡོང་བ་བྱེད་དགོས་པའི་བླང་བྱ་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། ཁྲིམས་འཛུགས་བརྒྱུད་རིམ་དེ་མི་དམངས་ཀྱི་དགོས་མཁོ་སྐོང་བ་དང་། མི་དམངས་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ཀྱི་གསོན་ཉམས་དོད་པའི་དམངས་གཙོའི་ལག་ལེན་དུ་འགྱུར་བར་བྱེད་དགོས་པ། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། ལས་འཛུགས་ཀྱི་འགག་སྒོ་དང་། འཆར་འགོད་ཀྱི་འགག་སྒོ གྲོས་ཞིབ་ཀྱི་འགག་སྒོ་བཅས་ཡག་པོ་སྲུང་དགོས་པ། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་རྩ་ཁྲིམས་ཀྱི་རྩ་དོན་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། རྩ་ཁྲིམས་ལྟར་ཁྲིམས་འཛུགས་དང་ཁྲིམས་ལུགས་ལྟར་ཁྲིམས་འཛུགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། འགན་འཁྲིའི་ཁྱབ་ཁོངས་སུ་བཅའ་ཁྲིམས་ལག་བསྟར་དང་། ཐོ་འགོད་ཞིབ་བཤེར། ཁྲིམས་སྲོལ་གཙང་བཤེར་སོགས་ལ་ལྟ་སྐུལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ། ས་གནས་ཀྱི་ཁྲིམས་འཛུགས་ནུས་པ་ཆེ་རུ་གཏོང་བའི་ལས་འགན་གལ་ཆེན་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། ཤེས་ལྡན་པ་གསོ་སྐྱོང་དང་། རིག་སྟོབས་ཀྱི་རྒྱབ་སྐྱོར། ལག་རྩལ་གྱི་འདེགས་སྐྱོར་བཅས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་དཔུང་ཁག་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།
   ཚེས་18ནས་21ཉིན་བར་ཀྲའོ་ལེ་ཅི་སྔ་རྗེས་སུ་ཅི་ནན་དང་། ཝེ་ཧའེ། ཝུའེ་ཧྥང་སོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་སུ་ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་པར་ཕེབས་ཏེ། གཞུང་ཁོངས་རྒྱུ་ནོར་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་དང་འཐུས་མིའི་ལས་དོན་སྒྲུབ་ཚུལ་མཁྱེན་རྟོགས་གནང་བ་དང་། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ས་ཚིགས་དང་། འབྲེལ་གཏུག་ས་ཚིགས། ཡུལ་མིའི་ཁྱིམ་བཅས་སུ་ཕེབས་ཏེ། འཐུས་མི་དང་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། ཚང་མའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ཁོང་གིས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་རང་རྟོགས་ངང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱེད་དགོས་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་གཞུང་འཁྱོངས་གསར་འབྱེད་དང་དམ་པ་དོན་གཉེར་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་ཁག་ནན་ཏན་སྤྱད་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ། ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱོན་ཡོངས་ལ་བརྩི་སྲུང་དང་ཞབས་འདེགས་ཞུས་ཏེ། དོན་དངོས་དང་ཟུང་འབྲེལ་དང་ཕན་འབྲས་དངོས་ལ་སྣང་ཆེན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྒྱུར་བཅོས་འགག་སྒྲོལ་གྱི་ལས་འགན་ལ་རམ་འདེགས་སྔར་ལས་ལྷག་པ་བྱེད་དགོས་པ། “འབྲེལ་གཏུག་གཉིས”དམ་འཛིན་བྱེད་སར་བྱས་ཏེ་འཐུས་མིའི་ལས་དོན་གཏིང་ཟབ་དང་རྒྱ་སྐྱེད་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་བ་དེ་བས་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། “འབྲེལ་ཐག”གི་ནུས་པ་དང་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་ཡག་པོ་བྱེད་པ། རིམ་ཁག་འཐུས་མིས་མཐུན་སྦྱོར་མཉམ་འགུལ་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ས་གནས་མི་དམངས་འཐུས་ཚོགས་ཀྱིས་དྲི་བ་གཅིག་ལ་ཐུན་མོང་ཐོག་ལན་རྒྱག་པ་དང་ཕྱོགས་གཅིག་ལ་ཐུན་མོང་ཐོག་ཤུགས་བརྒྱབ་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།