༄༅།།ཨ་རིས་ཧྭ་ཝེ་ལག་འཁྱེར་ཁ་པར་ལ་བློ་མི་བདེ་བར་བྱེད་པར་ལན་བསློགས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་21ཉིན། 13:39】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་9ཚེས་20ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
ཚོགས་འདུའི་ཐོག གསར་འགོད་པས་ཨ་རིའི་ཚོང་དོན་པུའི་པུའུ་ཀྲང་ལེ་མོང་ཏུའོ་ཡིས་ཧྭ་ཝེ་ལག་ཁྱེར་ཁ་པར་གསར་པར་“བློ་མི་བདེ་”ཚུལ་བསྟན་པའི་གནད་དོན་ཐད་དྲི་བ་བཏོན།
མའོ་ཉིང་གིས། ཧྭ་ཝེ་ཡིས་ཁ་པར་དཔེ་གསར་ག་དུས་འདོན་མིན་ནི་ཁེ་ལས་རང་ཉིད་ཀྱི་གཏན་འབེབས་ཡིན་པས་ངར་ཆ་རྒྱུས་མེད་ཅེས་དང་།
ཨ་རིའི་ཚོང་དོན་པུའི་པུའུ་ཀྲང་གི་འབྲེལ་ཡོད་རྣམ་འགྱུར་ཐད། ངས་ཁྱེད་ལ་བཤད་ཆོག་པ་ཞིག་ནི་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཐ་སྙད་ཁྱབ་གདལ་བཏང་བ་དང་། ཀྲུང་གོའི་ཁེ་ལས་ལ་གནོན་ཤུགས་སྤྲོད་པའི་ཐད་ང་ཚོས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་ཀྱི་ཡོད། མཐོང་ཆུང་རང་བཞིན་དང་དྲང་གཞག་མིན་པའི་བྱེད་སྟངས་དེ་རིགས་ཀྱིས་རང་མོས་ཉོ་ཚོང་གི་རྩ་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་གི་ཡོད་ལ། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་འབྲེལ་ཐག་བརྟན་པོ་ཡོང་བར་ཡང་འགོག་རྐྱེན་བཟོ་བཞིན་ཡོད་པས་ཕྱོགས་གང་རུང་གི་ཁེ་ཕན་དང་མཐུན་གྱི་མེད་པ་འདི་ཡིན།
ང་ཚོས་ཨ་རི་ཕྱོགས་ལ། གནོན་འགོག་བྱས་ན་ཀྲུང་གོའི་རང་ཚུགས་རང་བརྩོན་དང་ཚན་རྩལ་གསར་གཏོད་ཀྱི་ཆོད་སེམས་དང་ནུས་པ་ཁོ་ན་ཆེ་རུ་འགྲོ་བ་ལས། ཀྲུང་གོ་འཕེལ་རྒྱས་འགྲོ་ཚུལ་བཀག་འགོག་ཐུབ་པ་འདིའང་བཤད་འདོད་ཡོད་ཅེས་བཤད།
