འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་19ཉིན།

༄༅།།ཆུ་འགོའི་འགན་འཁྲི་ཕྲག་ཏུ་ཁུར། རྨ་ཆུར་སྲུང་སྐྱོང་ཧུར་ཐག་བྱས།

—— མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་རྨ་ཆུའི་ཆུ་འགོ་སྲུང་སྐྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་19ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲོའུ་ཧྲེང་ཧྲེང་དང་ལི་ཀྲན་དབྱི།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ཆུ་འགོའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་བསྐྲུན་ཡོད། རྨ་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཏེ་མི་ཆུ་བོར་བརྟེན་ནས་འཚོ་བ་དང་མི་ཡོད་པ་ལས་ཆུ་བོ་མཛེས་སྡུག་ལྡན་པར་འགྱུར་བའི་སྐྱེ་ཁམས་ཀྱི་རྣམ་པ་ཞིག་བཏོད་ཡོད་པ་རེད།
     རྩ་ཆེའི་ཉ་རིགས་ཕྱོགས་ཡོངས་ནས་འཛིན་མི་ཆོག་པ་བཟོས་ཏེ་སྲུང་སྐྱོང་བྱས་པ།
     མཚོ་སྔོན་ཞིང་ཆེན་ཉ་ལས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་བརྟག་དཔྱད་བྱས་པའི་གྲངས་གཞི་ལས་མངོན་པར། མཚོ་སྔོན་ས་ཁོངས་ནང་གི་རྨ་ཆུ་རྒྱུག་ཁུལ་དུ་གདོད་མའི་ཉ་རིགས་20ཙམ་ཡོད་པའི་ནང་ཉ་ལེབ་དང་མཆུ་མཐུག་གཅེར་ཉ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཚུད་ཡོད་པ་རེད།
     2021ལོའི་ཟླ་10པར་རྨ་ཆུའི་ཆུ་འགོར་ལོ་5ཡི་རིང་ཉ་རིགས་ཕྱོགས་ཡོངས་ནས་འཛིན་མི་ཆོག་པ་བཟོས་ཏེ་རང་བྱུང་ཉ་རིགས་ཐམས་ཅད་འཛིན་རྒྱུ་གཏན་འགོག་བྱས་པ་རེད། རྨ་ཆུའི་ཆུ་འགོར་གནས་པའི་མཚོ་སྐྱ་རེངས་དང་། མཚོ་སྔོ་རེངས། རྨ་ཆུ་རྒྱུག་ཁུལ་བཅས་དང་དེ་བཞིན་ཏ་ཐུང་གཙང་པོ་དང་ཙོང་ཆུ་སོགས་ཡན་ལག་ཆུ་བོ་གཙོ་བོ་9འཛིན་མི་ཆོག་པའི་ཆུ་ཁོངས་ལ་བཅུག་པ་རེད།
     ལོ་29ལ་སླེབས་པའི་རྡོ་རྗེ་མི་འགྱུར་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་རྨ་སྟོད་ཤང་རྫ་སྐྱ་གྲོང་ཚོའི་ཉ་སྲུང་བ་ཞིག་ཡིན་ཞིང་། ཁོང་གི་ལས་ཀ་གཙོ་བོ་ནི་ཁག་བགོས་རྒྱུག་ཁུལ་ནང་གི་ཉ་རིགས་དང་གཙང་པོའི་སྐྱེ་ཁམས་ལ་སྐོར་སྐྱོད་སྲུང་སྐྱོང་བྱ་རྒྱུ་དེ་རེད།
     རྡོ་རྗེ་མི་འགྱུར་གྱིས“དེ་སྔ་མི་ཁག་གཅིག་གིས་རྨ་ཆུའི་ནང་ལྐོག་ཏུ་ཉ་རིགས་ཚེ་ཐར་གཏོང་གི་ཡོད་པའི་ཁྲོད་ཆུ་ཁོངས་གཞན་གྱི་ཉ་རིགས་ཁག་གཅིག་ཡོད་པ་དེས་ས་ཆ་དེ་གའི་ཉ་རིགས་འཚོ་གནས་དང་རྨ་ཆུའི་ཆུ་འགོའི་སྐྱེ་ཁམས་དོ་སྙོམས་ལ་ཤུགས་རྐྱེན་བཟོ་གི་ཡོད། གནས་ཚུལ་དེ་རིགས་འཕྲད་སྐབས་ང་ཚོས་དུས་ཐོག་ཏུ་བཀག་འགོག་བྱེད་པ་དང་འབྲེལ་ཁ་ཏ་བསླབ་བྱ་ཡང་བྱེད་ཀྱི་ཡོད”ཅེས་བཤད། ཕྱོགས་མང་པོའི་ཐད་ནས་སྲུང་སྐྱོང་བྱས་པ་བརྒྱུད་ས་གནས་དེ་གའི་འབྲོག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་རྨ་ཆུའི་ནང་ཉ་རིགས་ཚེ་ཐར་གཏོང་མཁན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པ་རེད།
     “དུད་ཚང་རེར་ལས་གནས་རེ”ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་པ།
     ལོ་ཁ་ཤས་གོང་འོད་མཚོ་ཉིན་ལྟར་རྩྭ་ཆུ་བཟང་སར་སྐྱས་སྤོས་ཕྱུགས་འཚོའི་འཚོ་བ་སྐྱེལ་གྱི་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་ཚུན། མཚོ་སྔོན་གྱིས“དུད་ཚང་རེར་ལས་གནས་རེའི”སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལམ་སྲོལ་འཚོལ་ཞིབ་བྱས་ནས་ས་གནས་དེ་གའི་འབྲོག་པ་སྐྱེ་ཁམས་སྲུང་སྐྱོང་ལ་ཞུགས་རྒྱུར་ལྕག་སྐུལ་བྱས་པས། ཁོང་གིས་ཕྱུགས་རིགས་འཚོ་མཚམས་བཞག་ནས་སྐྱེ་ཁམས་བདག་སྐྱོང་བ་ཞིག་བྱས་པ་རེད།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་དོ་དམ་ཨུ་ལྷན་གྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀན་ཞུའེ་པིན་གྱིས་རྨ་ཆུའི་ཆུ་འགོའི་ཁུལ་དུ་སྐྱེ་ཁམས་བདག་སྐྱོང་བ་3142ཀྱིས་ལག་ཁྱེར་འཁྱེར་ནས་ལས་གནས་སུ་ཞུགས་པས་མི་རེར་ལོ་ལྟར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.16འཕར་སྣོན་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     དེ་དང་ཆབས་ཅིག་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་དུ་ཤང་དང་གྲོང་རྡལ་གྱི་བདག་སྐྱོང་ས་ཚིགས་3དང་། གྲོང་ཚོ་རིམ་པའི་བདག་སྐྱོང་རུ་ཁག་19 བདག་སྐྱོང་ཡན་ལག་རུ་ཁག་123བཅས་བཙུགས་ནས་ཁྱོན་ཡོངས་ལ་ཁྱབ་པའི་དོ་དམ་མ་ལག་ཅིག་གྲུབ་སྟེ་འབྲོག་པ་རྩྭ་ཐང་སྤྱོད་མཁན་ནས་སྐྱེ་ཁམས་བདག་སྐྱོང་བར་རིམ་བཞིན་བསྒྱུར་ཏེ་སྐྱེ་ཁམས་སྲུང་སྐྱོང་གི“གཙོ་ཤུགས་དམག”ཅིག་ཏུ་གྱུར་ཡོད་པ་རེད།
     ད་ཆ་འོད་མཚོར་ཟླ་རེར་གཏན་འཇགས་གླ་ཕོགས་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཆེད་རང་ནུས་འདོན་བཞིན་ཡོད་པ་རེད།
     སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།
     “མཚོ་མོ་སྟོང་གི་རྫོང”ཞེས་བརྗོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དེ་ཉིད་རྨ་ཆུའི་ཆུ་འགོར་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་གྱི་ཡོད་པ་དེ་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོའི་ཁུལ་གྱི་ལྟེ་བའི་ས་ཁུལ་ཞིག་རེད།
     འདས་ཟིན་པའི་དུས་ཡུན་རིང་པོ་ཞིག་ནང་ས་གནས་དེ་གའི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་པོ་མེད་པ་དང་དུས་ཡུན་རིང་པོའི་ནང་ཕྱུགས་རིགས་འཚོ་ཐལ་ཤོར་བ་སོགས་ཀྱིས་རྐྱེན་པས་རྩྭ་ཐང་རིམ་བཞིན་ཉམས་ཞན་དུ་ཕྱིན་པ་དང་། ས་ཆུ་ཤོར་ཚབས་ཆེ་རུ་ཕྱིན་པ། མཚོ་དང་མཚེའུ་ཉིན་བཞིན་ཉུང་དུ་ཕྱིན་ཡོད་པ་རེད།
     རྒྱལ་ཁབ་སྤྱི་གླིང་བསྐྲུན་ཚུན། རྨ་ཆུའི་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཕྱོགས་བསྡུས་བཅོས་སྐྱོང་གི་བླང་བྱ་གཞིར་བཟུང་། ས་གནས་དེ་གས་བསྡོམས་མ་དངུལ་སྒོར་དུང་ཕྱུར་11.69བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་དང་གཙང་གསུམ་ཆུ་འགོའི་དུས་ཐེངས་གཉིས་པའི་ལས་གྲྭ་སོགས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་སྤྱི་འདོམས་ལག་བསྟར་བྱས་པ་རེད།
     ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། རྨ་ཆུའི་ཆུ་འགོའི་ཆུ་རྩ་གསོ་ཁུལ་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་མཚོའི་གྲངས་འབོར་ཡང་དེ་སྔའི་4077ནས་5849བར་མང་དུ་ཕྱིན་པ་དང་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་104ཆེ་རུ་ཕྱིན་ཡོད། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་2015ལོ་ལས་སྤྱི་ལེ་ངོས་གྲུ་74.6དང་སྤྱི་ལེ་ངོས་གྲུ་117.4སོ་སོར་ཆེ་རུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།
     དེ་དང་ཆབས་ཅིག་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་གྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་56.3%ཟིན་པ་དང་ཁུལ་ནང་གི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་གསའ་དང་། རྐྱང་། དགོ་བ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།